གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསམ་གཞིགས་བསྐྱར་ཟློས།

2012-07-07 13:17:00 ཚེ་དབང་མཐར་ཕྱིན། ཀློག་གྲངས། མཆན ཡོད།


ལོ་ཟླ་ཡང་ཡོལ་ཟིན་པ་འདྲ་སྟེ།
ད་ལྟ་ཁ་བ་བུ་ཡུག་འཚུབ་ཀྱིན་འདུག།
རྒྱ་མཚོའི་མར་གསར་གྱི་མིག་ཆུ་ནོར་འཛིན་གྱི་བྲང་ཁར་བཞུར་དུས།
ལོ་རྒྱུས་ཀྱི་རྨ་ཤུལ་སེམས་ཀྱི་གཏིང་དུ་ཟུག་སོང་།
ངས་མགོ་བོ་མལ་དུ་བཅུག་ནས།
མི་ཚེའི་མདུན་ལམ་ལ་བསམ་གཞིག་ཅིག་བྱེད་དགོས་བྱུང་།
ཡོད་ཚད་ཀྱི་ཡོད་ཚད་ལ་བསམ་གཞིག་མི་བྱེད་ཀ་མེད་རེད།
མི་ཚེའི་འགྲུལ་བཞུད་ཀྱི་ལམ་དུ་ཆས་སྐབས།
ཁོ་བོ་མི་གྲལ་གྱི་མཐའ་མར་ལུས་ཚེ།
སེམས་ཁོང་གི་ན་ཟུག་དེ་བས་ཆེ་ཞིང་།
དེ་དུས་ལེ་ལོའི་རྒྱ་ལས་ཐར་བར་འདོད།
ད་དུང་མི་རིགས་ཀྱི་བླ་སྲོག་དེ་སྙོར་བར་སེམས་ཁོང་ནས་བྲེལ།
དེའི་ཕྱིར།
ལང་ཚོའི་གསོན་ཤུགས་རྒྱས་པའི་དུས་སྐབས་སུ།
མི་ཚེ་སྟོང་ཟད་དུ་སྟོང་བའི་བསམ་ངན་དེ་རྒྱབ་ཏུ་སྤངས་ཏེ།
འབྱུང་འགྱུར་གྱི་ཕུགས་འདུན་སླད་དུ།
ཤེས་རིག་གི་ཞིང་སར་རྨོན་དོ་སྦྲེལ་བར་རེམ།
མིག་ཞགས་རྒྱང་རིང་ལ་སྲིང་སྟེ་འཇིག་རྟེན་ལ་ལྟད་མོ་ལྟ་སྐབས།
མདུན་བསྐྱོད་ཀྱི་གོམ་འགྲོས་མགྱོགས་སུ་སྐུལ་ཏེ་དུས་རབས་ལ་རྗེས་འདེད་བྱེད་འདོད།
གཞན་དྲིང་མི་འཇོག་པའི་བསམ་པའི་སྒེར་ཚུགས་ཤིག་ཆགས་པར་བྱས་ཏེ།
གངས་ཅན་བསིལ་ལྗོངས་སུ་རིག་པའི་མར་མེ་མཐོན་པོར་བཏེགས་ནས།
རྨོངས་མུན་གྱི་གངས་ཅན་ལྗོངས་འདི་གསལ་ལེར་བསྐྲུན་པར་བསམ།
འདི་ནི་བདག་གི་མི་ཚེར་བཅངས་པའི་བསམ་གཞིག་བསྐྱར་ཟློས་ཡིན་ལ།
ཤེས་དམན་བདག་གི་སེམས་ནས་ཕྱུངས་པའི་འབོད་སྒྲ་ཡང་ཡིན༎
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།