གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཀྱི་ཁ་དོག་ལ་འཐིམ་པའི་མཛེས་མའི་བླ་ཤ།༼ཞར་བཀོད་གསུམ་ཡོད༽

2012-07-06 10:07:00 བཙན་སྒྲ། ཀློག་གྲངས། མཆན ཡོད།

གླུ་གར་ཁང་དུ་འདམ་བུའི་ཤེལ་དམ་བརྩེགས
ཆུ་གནས་ཀྱི་སྨ་ར་ལྟ་བུའི་མཛེས་མ་དེ་ཚོས
དབྱངས་ཀྱི་ལུ་གུ་ཚོར་ཞབས་བྲོ་ཁྲིད
ས་ལུད་ཀྱི་གྲུབ་པའི་གར་སྟེགས་རླུང་གིས་སྒུལ
 
སྦྱིན་བདག་མའི་རང་ཉིད་མེ་ལོང་དུ་འཁྲུལ་ཏེ
 མདུན་ངོས་ཀྱི་བྱིས་པ་མ་མཐོང
ཐ་ན་གྲིབ་མའི་ངོས་ཀྱི་དབྱངས་རྟ་དེ་ཚོའང་གར་སོང་མ་ཤེས
 
སྒོ་བྱང་བོར་བའི་གར་ཁང་དུ
ཆང་དམ་དེ་ཚོ་ངུ་བཞིན་འདུག
མཛེས་མའི་བླ་ཤ་དང་ཐ་མག་གིས་སྨྱོས་དབྱངས་ཁྲོད
འཛུམ་པ་ནི་དུས་ཚོད་ཅིག
 
ཁ་དོག་གང་མང་གིས་བཟོས་པའི་ཁ་རླངས་རེ་རེ
གར་ཁང་གི་བདག་མོ་ཚོའི་བྲང་ཁ་རུ
དུ་བ་དང་མེ་ལྕེ་བཞིན་ཡུན་གྱིས་འབར
 
པི་ཝང་དཀྲོལ་མཁན་གྱི་གྲོག་མ་དེ་ཚོས
རང་རང་གི་མཛའ་མོ་ལ་སྙིང་གཏམ་ལབ
གྱང་ངོས་ཀྱི་རི་མོ་ཞིག་ས་རུ་ལྷུང་སོང
རྒྱུ་མཚན་དེས་དབང་གིས
           ༢༠༡༢     ༥     ༩
 
        གཡུལ་ས་ནས་མཛའ་མོ་དྲན་ཚུལ།
འཇིག་རྟེན་སིལ་བུར་གཏོར་བའི་ཆུང་མའི་ཁ་རླངས
དམྱལ་ཁམས་ལྷོག་ལྷོག་གདུ་བའི་མི་ཡུལ་གྱི་སྐད་ཆ
ཡོད་ཚད
ཚ་ཁུ་བཏབ་པའི་བར་སྣང་ལ་མཆོད
 
མི་ཚེ་འདི་དུར་ཁྲོད་ལ་དབང་དུས
ཤ་རུས་ཕྱེ་མ     ཁྲག་རྣག་ཁོལ་མ
མུན་ནག་གི་སྟོངས་བའི་འོབས་སུ་བཙན་གྱིས་བརྫངས
 
གཡག་རོག་གི་མཇུག་མ་ལྟ་བུའི་སྨ་ར་སྐྱེས་ཚུལ
ཆུ་གནས་ཀྱི་རུས་པ་འཆའ་བའི་ལོ་ཟླ་རྒས་སྟངས
གནམ་ས་སྟེང་འོག་བརྗེས་དུས
འཇིག་རྟེན་གྱི་རྐང་ལམ་ཡོད་ཚད་གཅིག་ཏུ་བཀོད
 
ང་ཚོ་ནི་ཡོལ་བ་ཞིག་ཡིན་ན
ཤ་ཁྲག་ལ་དགའ་བའི་སངས་རྒྱས་དེ་ཚོ
ཡོལ་བ་དེའི་ངོས་སུ་བཙན་གྱིས་འབྱར
          ༢༠༡༢   ༥   ༦ 
 
    རྨི་ལམ་གྱི་སྐྱེས་སྐར།
ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་ས་རྡུལ་འཐོར་དུས
རྨི་ལམ་གྱི་ཡོལ་བའི་ངོས་སུ
སྣང་བ་འདི་སྐར་ཚོགས་ལས

མཁའ་དབུགས་ཀྱི་གོམ་པ་རེ་རེ
རི་རྩེ་ན་ཞོག་པའི་ཉི་ཟེར་གྱི་ལུ་གུ
རྫི་གླུ་སྟོང་གི་དབྱངས་རྟའི་ཁྲོད
མཚན་མོ་འདི་ངང་བ་བཞིན
 
ཉིན་ཞིག
བྱིས་དུས་ཀྱི་མཚར་སྣང་ལ་མེ་བཙའ་སྤར་གྱིན
རྨི་ལམ་འདིའི་དངོས་པོ་ཡོད་ཚད
ཆུ་དང་རྡོ་བ་ལ་དབང་ངེས
                                         ༢༠༡༢  ༥  ༦ ཕ་ཡུལ་རྔ་བ་རུ།

         སེམས་ཀྱི་ཤར་ཕྱོགས།
སེམས་ཀྱི་ནང་རོ་ཡོད་ཚད་ཕྱི་ལ་འཐོར
མཚོ་རླབས་ཀྱིས་དེད་པའི་ས་རྡུལ་ཡོད་ཚད
རླུང་བུ་སྙི་མོ་དག་གི་ལྟེ་བ་རུ་གཡོ

འགུལ་ཙམ་མེད་པའི་སྒེའུ་ཁུང་གི་ངོས་སུ
ས་འབུ་དག་གིས་ཏེའི་སི་ཁོ་འཁྲབ
ཡུན་རིང་མཐོང་མ་མྱོང་བའི་རི་མོ་དེ་ཚོས
ཐ་སྙད་ཀྱི་འཚོ་བ་འདི་གཏོར་བར་གྱིས
                     ༢༠༡༢ ༥ ༡༢

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།