གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱར་ཟླ་བདུན་པ།

2012-07-03 15:20:00 བྱང་འབྲོག་མི། ཀློག་གྲངས། མཆན ཡོད།


ཁུ་སིམ་སིམ་གྱི་དབྱར་ཟླ་བདུན་པ།
བསིལ་ཆར་གྱིས་ཡང་ཡང་བཀྲུས་པའི་རྩྭ་ཐང་དུ་འཐིམ།
ལྷིང་འཇགས་སེར་གནས་པའི་རི་བོ་དང་གཙང་ཆབ་ཀྱིས།
རང་བྱུང་ཁམས་ཀྱི་མཛེས་སྡུག་སླར་ཡང་བསྣམས།
གསར་སྐྱེས་ལང་ཚོ་ཕངས་མེད་དུ་སྩོལ་བའི་མེ་ཏོག་ནི།
དག་གཙང་ཚད་མེད་ཀྱི་ཁམས་སུ་མགོ་ལྕོག་ལྡེམ།

དབེན་ཐང་ཐང་གི་དབྱར་ཟླ་བདུན་པ།
མུ་མེད་འབྱམས་ཀླས་ཀྱི་སྤང་ལྗོངས་སུ་འཐིམ།
གནམ་གྱི་གཤོག་པ་ཡངས་བོར་བརྐྱངས་རྗེས།
གནས་འདི་ན་བཀག་རྒྱ་ཅི་ཡང་མེད།
རྒྱང་རིང་གི་གནམ་ས་འདྲེས་མཚམས་དེ་ཡང་།
མཛེས་སྡུག་གི་ཞིང་ཁམས་ག་འདྲ་ཞིག་ཡིན་འགྲོ།

དབྱར་ཟླ་བདུན་པ་ཚེས་དུས།
ལོ་ཟླའི་ཤོག་ལྷེ་སླར་ཡང་བསྔོགས་པ་ཚོར།
ལག་སྣེ་ལ་ཐོགས་པའི་རྫོགས་མེད་ཀྱི་ལས་ཀ་འདི་ཚོས།
རང་ཉིད་གཟེབ་རྒྱ་བཞིན་བསྡམས་རྗེས།
ལུས་སེམས་ཀྱི་ངལ་བ་མཐའ་དག
ཁུར་བོ་བཞིན་ལྕི་བ་རྟོགས།

མི་ཚེ། རྒྱུན་མི་ཆད་པའི་སེམས་ཀྱི་མྱོང་གོམས་རེད།
མདུད་པ་མེད་པའི་སེམས་དང་སུམ་སྒྲོག་མེད་པའི་རྐང་བས།
དབྱར་ཟླ་བདུན་པའི་ཞིང་ཁམས་འགྲིམ་པར་སྨོན།
བྲེལ་ཟིང་གི་བར་གླགས་སུ།
ངལ་བའི་ལུས་སེམས་ལ་གློད་གྲོལ་ཐེངས་ཤིག་འཐོབ་ཏུ་རེ།
མི་ཚེ་གཅིག་ལ།
རྨི་ལམ་གྱི་གཤོག་པར་བརྟེན་ནས།
འཇིག་རྟེན་གྱི་བར་སྣང་དུ་གང་འདོད་དུ་འཕུར་སྐྱོད་བྱེད་རྒྱུ་བྱུང་ན།
དེ་ལས་ལྷག་པའི་སྤྲོ་སྣང་དང་དགའ་བདེ་ཡོད་མི་སྲིད།
                     ༢༠༡༢ལོའི་ཟླ་༦པའི་ཚེས་༢༦ལ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།