གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློ་བུར་བྲིས་པ།

2012-10-29 15:32:00 ནག་ལྡོང་འཁྱམ་པོ། ཀློག་གྲངས། མཆན ཡོད།

         ༡
ཝ་སྐྱེས་ཀྱི་མཇུག་མ་རིང་པོར་སེམས་འཁྲེལ་བྱེད་པའི།
གདོང་ཁེབས་ཅན་ཚོའི་ལྐོག་ལས་དེ་ལ།
ཨ་ཐང་ཆད་ཆད་ཀྱིས་སྨིན་མ་སྡུད་པའི་སྐུ་ངོ་དེས། རྡེའུ་དཀར་ནག་གི་འགུལ་སྟངས་བར་ནས།
རྒྱལ་ཕམ་གྱི་དབྱེ་བ་རྟོགས་པ་ངོ་མ་བདེན་ནམ། རྒྱབ་ལྗོངས་ཀྱི་མཁའ་རུ་འཚེར་པའི་ཟླ་འོད་མོག་པོ།
ནེམ་ལོ་རྒྱས་བའི་སྐྱེད་ཚལ་ཞིག་ལ་བཞུར་འོངས་དུས།
བྷོ་ཨེར་སྭེའི་རོལ་དབྱངས་ལ་རྣ་བ་བླགས་བཞིན། དབྱངས་ཅན་དཀར་མོའི་མྱོས་བུམ་ལ།
རྨི་ལམ་འཁོར་མྱོང་ཡོད་པའི་འདོད་སྲེད་ཅན་ཚོའི་སྨྲ་ར་སིག་སིག
ལང་ཚོའི་གྲིབ་གཟུགས་ལ་རྡོག་བརྫིས་གཏོང་བཞིན། སྐྱེ་ཚུལ་ཀྱི་ངོ་གདོང་དང་བསིལ་རླུང་གི་རྒྱུ་ལུགས་དེ་ལ། སྙན་ངག་རྐྱང་རྐྱང་གི་མཆོད་པ་ཕུལ་ཏེ།
དུས་ཆད་ཀྱི་རྒྱ་རུ་ལྷུང་པའི་ཡུ་མོ་ཚོ་ངང་སྒུག་བྱེད་པ་བདེན་ནམ་་་་་་
         ༢
མིག་ཟུང་བགྲད་དེ་ལྟ་དུས་ཆེ་དྲགས་ལ།
བློ་སེམས་ལྷོད་དེ་གཞིགས་ན་ཆུང་དྲགས་པའི་ས་གོ་ལ་འདི།
ས་གོ་ལའི་གས་སྲུབས་ཞིག་ན། འབྱུང་བའི་ཐིམ་རིམ་ལ་བྲེད་ཤ་སྡར་བའི་འབུ་ནག་ཆུང་ཆུང་།
དོན་ངོ་མར། འཇག་མའི་མཐོ་ས་དང་བྱ་སྐྱིབས་དྲོ་ས་ནས་སོ་ལྟ་དང་སྐྱིད་ཉལ་བརྒྱབ་ཏེ།
རི་ལུང་ལ་མཛེས་སྡུག་གི་མགུར་གླུ་བཞེངས་མཁན་ཁྱོད་རང་ཡིན་པས།
སྲིན་པོའི་ཧོམ་ཁུང་དེ་ལ། སྙེམས་པས་བཞི་ཤད་འགོད་མཁན་ཚོའི།
ཆེན་པོའི་རྡོག་ཞབས་ཞིག་ལ་སེམས་ཁུར་གྱི་མེ་རོ་གསོས་ནས་ཅི་ཞིག་བྱེད་ཨང་་་་་
         ༣
སྡང་སེམས་ཀྱིས་གདོང་ཁ་འགྲན་བའི་ལུག་རྒན་གཉིས་ཀྱི།
ཀླད་ཁྲག་ལ་འགྲམ་ཆུ་འཛགས་བའི་ཨ་ཅེ་ཝ་མོས།
རྨི་ལམ་གྱི་གཞུང་ནས་རྙེད་པའི་ལུ་གུ་ཆུང་ཆུང་དེ།
འཕྲེད་གླིང་གི་དབྱངས་སྙན་བསྡུས་ཏེ། དགུན་གསུམ་ལ་འཁང་ར་བྱེད་པའི་རྫི་བོས་དོར་རམ།
རྩྭ་ཐང་ལ་མུ་མཐའ་བྲལ་པས་ཉམ་ཆུང་གི་གོམ་འགྲོས་འཁྱོར་སོང་། འོན་ཀྱང།
ཨ་ཅེ་ཝ་མོའི་རྨི་ལམ་དེ་ནི་རྒྱུན་ལྡན་ཡིན་པས།
ལུ་གུ་ཆུང་ཆུང་དྲན་འབོད་བྱེད་པའི་ཨ་མ་མ་མོ། ཨ་མ་མ་མོ་སྙིང་རྗེ་ཨང་་་་་་
                     ༢༠ ༡༢
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།