གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་ཚོད་ཉེར་བཞི།

2012-10-29 12:24:00 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།

ཞོགས་པར   ངས་མདང་གི་རྨི་ལམ་དེ་བསམ་ཞོར
གཉིད་ཀྱི་ཁ་དོག་ལ་ཕྱིར་མིག་བརླན་དུས
རང་དབང་ཁོ་ན་ནི  རང་ཉིད་དང་བར་ཐག་ཆེས་རིང་བའི
སྟོང་ཡུག་ཡུག་གི་ནམ་མཁའ་དེ་ཡིན་པ    གཞི་ནས་ཧ་གོ་སོང
 
ཉིན་གུང    ཆུ་ཚོད་བཅུ་གཉིས་ཀྱི་ཅོང་བརྡ་གྲག་དུས
ང་རང་གཞི་ནས་ངལ་རྩོལ་གྱི་བྲན་གཡོག་ཅིག་ཏུ་གྱུར་ཡོད་ལ
ཁོར་ཡུག་ན་བྲེལ་བྲེལ་དུ་འགྲོ་བའི   སེམས་ཅན་འདི་ཚོ་ཡང
དགའ་སྡུག་ལེགས་ཉེས་ཀྱི་ཐག་འཐེན་བར་ན
རང་དབང་མེད་པའི་སྤོ་ལོ་ནང་བཞིན
ཞེ་རྩ་ལྷོད་ལྷོད་དུ་འགྲོ་བའི  དཔའ་བོ་གཅིག་ཀྱང་མ་མཐོང
 
ཕྱི་དྲོར   ངས་གཞི་ནས་འགྲོ་བ་འདི་ཚོར་ཞུ་དོན
ང་ནི་འཁོར་བ་འདིའི་མགྲོན་པོ་ཡིན་ལ
ཁྱོད་ཀྱང་འཁོར་བ་འདིའི་མགྲོན་པོ་ཡིན་པས
འུ་གཉིས་ཀྱིས་སྲིད་པ་འདིར་ཁ་མཐུན་ཇུས་འགྲིག་གི
ཆིངས་ཡིག་ཅིག་འཇོག་ཅེས   ཞུ་བ་ཡང་ཡང་བྱས

ས་སྲོད    ང་ལ་ང་ཞེས་བདག་པོ་མེད་ལ
ཁྱོད་ལ་ཁྱོད་ཅེས   མིང་བྱང་ཞིག་ཀྱང་ཐོགས་མེད་པས
རིགས་དྲུག་ལ་གཏད་པའི་གསེར་མདོག་གི་སྒོ་ཆེན་དེ
ང་ཚོའི་མཐུན་མོང་ལ་དབང་བའི་འཇའ་ཚོན་གྱི་ལམ་བུ་དེ་ཡིན་ན
ནམ་ཞར་ཡང  ང་ཚོར་དགོས་པའི་བརྩེ་བའི་ལག་འཇུ་དག་མ་ལྷོད་རོགས
 
 
མཚན་མོར   ཟླ་བ་ཡིན་ཡང་ཁེར་རྐྱང་གིས་འཚོ་འདུག་ལ
རྒྱུ་སྐར་གྲངས་མེད་ཀྱིས་རེ་བའི་མིག་ཟུང་ལྷེམ་འདུག
འཇལ་ན་དཔག་མཐའ་བྲལ་བའི་ཆོས་ཉིད་འདིའི་ཁྲོད་ནས
ང་ནི་གཞི་ནས   སྟོང་ཡུག་ཡུག་གི་ནམ་མཁའ་འདིའི་ཕ་རོལ་དུ་བགྲོད་འདོད
 
                   
                                                                                        2012.10.10

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།