གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་སྣང་ཀློང་གི་བརྩེ་བ།

2012-10-22 15:03:00 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།

མཚན་མོ་སླེབས་དུས།
མཚམས་རེ་འགར་དུང་ཟླའི་འོག་གི་ཟློས་གར་དེ་དྲན་འོང༌། 
དེའི་དུས། ཤིང་དང་འགྱིག་གིས་བཟོས་པའི་རྒྱབ་བསྙེས་རྐུབ་སྟེགས་བདེ་མོ་དེ་མེད་ལ།
རོ་བརྒྱའི་ཟས་དང་སྣ་འཛོམས་བཅུད་ཀྱི་བསིལ་ཆང་དེའང་མེད།
དྲན་པའི་ཟབ་སར་འཛུལ་སའི་གནས་དེ་ན།
མ་ནོར་དུས་ཆད་འཇོག་སའི་འཛོམས་ར་ན།

ལྷད་བྲལ་དྭངས་གཙང་ངང༌།   མངོན་ཆུང་འཛེམ་བག་ངང༌།

ཡ་ཡོ་ག་གུག་མེད་པའི་རློན་ནེམ་ནེམ་གྱི་སྙིང་གཏམ་དེ་དྲན།
ད་དུང་ཅི་ཡང་སྟོང་བའི་ཕན་ཚུན་གྱི་སེམས་པ་དེར་གླན་ནས།
བདེ་དྲོད་དྲོད་ཀྱི་བཟང་འབྲས་ཤིག་ལ་རེ་བས་སྙེག
མཚན་མོ་སླེབས་དུས།

མཚམས་ལན་རེར་སྐར་མའི་ཁོང་འཛུམ་འོག་གི་ཟློས་གར་དེ་དྲན་འོང༌།
དེའི་དུས། བརྡ་རྟགས་གསལ་བའི་སྟབས་བདེ་ཁ་པར་དེ་མེད་ལ། 
ངོ་མཚར་ཡིད་དབང་འགུག་པའི་དྲན་པའི་རྟེན་གྱི་ལེགས་སྐྱེས་དེའང་མེད།

དགའ་བ་དབྱངས་སུ་གྱེར་སའི་གནས་དེ་ན། སྤྲོ་བ་གར་ལ་སྒྱུར་སའི་ཡུལ་དེ་ན།
ཟོལ་བྲལ་རང་བྱུང་ངང༌། ཡོད་ཚད་ལྷུག་པོར་ངང༌།
ཅི་བསམ་གང་དྲན་གྱི་རྩེད་མཚར་སྡུག་པོ་དེ་དྲན།
ད་དུང་ཅི་ཡང་ཐེག་མེད་པའི་འཚོ་བའི་ཡང་སྙིང་དེར་གཏད་ནས།
དགའ་སྐྱིད་སྐྱིད་ཀྱི་མཉམ་འཛོམས་ཤིག་ལ་རེ་བས་སྨོན།
མཚན་མོ་སླེབས་དུས།

མཚམས་ལན་རེར་འུག་པའི་འཕུར་མཆོངས་འོག་གི་ཟློས་གར་དེ་དྲན་འོང༌།
དེའི་དུས། དབྱངས་འགྲོས་སྙན་པའི་རྒྱབ་ལྗོངས་རོལ་མོ་དེ་མེད་ལ།
ཆེམ་ཆེམ་བཀྲ་བའི་སྣ་ཚོགས་གློག་འོད་དེའང་མེད།

མེ་ཏོག་རྐྱང་རྐྱང་བཞད་སའི་གནས་དེ་ན།   ངང་ངུར་མཉམ་བསྐྱོད་རྩེན་སའི་འདུ་ར་ན།

དག་གཙང་རྣམ་དག་ངང༌།    དྲོད་ཁོལ་སྙོམས་པོའི་ངང༌།

སོ་སོའི་ཡིད་ལ་འཆར་བའི་འཇའ་ཚོན་མཛེས་པོ་དེ་དྲན།
ད་དུང་ཅི་ཡང་སྒོམ་པའི་མཚར་སྡུག་རྨི་ལམ་དེར་ཁེན་ནས།
ཕྱི་གསལ་ནང་གསལ་གྱི་བརྩེ་བ་སྣུམ་པོར་རེ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།