གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནའ་མྱི་དྲན་པ།

2012-10-18 14:39:00 ཁྲག་སྙུག༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

          ༡    བོད་ཀྱི་སྙན་ངག་པ།
རྟ་ཕོ་གཅུན་བྱེད་ཀྱི་སྒྲོག་ཐག
སྒྲོག་གིས་ཡིད་ཀྱི་རི་ཆུ་དང་རྩྭ་ཐང་བཅོམས་སོང
སྒ་དང་སྲབ་ཀྱི་བདག་པོར་འབོད་པའི་མི་དེ་དག
མི་དེ་དག་གིས་མིག་གཉིས་བཙན་ཚུགས་ཀྱིས་བཙུམས་ཏེ
རང་ཉིད་གཉིད་ཡོད་ཅེས་སྔུར་བ་འཐེན་བཞིན་གདའ
                                                                                    2012.9.2
        ༢ རྨ་ཆུའི་རི་བོ་འབྲོང་།
འབྲོང་རྒན་ཞིག་ལྷོད་ཀྱིས་ཉལ་འདྲ་བའི
བག་ལེབ་ཅིག་སྣུམ་གྱིས་བཙོས་པ་དང་ཡང་མཚུངས་པའི
སྔོན་ཆད་སྔོན་ཆད་ཅིག་ལ་འབྲོང་ཞེས་བོས་མྱོང་བའི་རི་བོ་དེ
 
ཡུ་མོ་ཞིག་རྙི་ལ་ཟིན་འདྲའི
རྡོ་བ་ཞིག་གས་ལ་ཤོར་བ་དང་ཡང་མཚུངས་བའི
དེ་རིང་དེ་རིང་ཞིག་ཏུ་ཡང་སྔོན་ཆད་ཀྱི་མིང་དེ་འབོད་བཞིན་པའི་རི་བོ་དེ
མིང་དུ་འབྲོང་རྒན་ཞེས་བརྗོད་པའི་རི་བོ་དེ
མིང་དུ་འབྲོང་རྒན་ཞེས་བརྗོད་ཀྱང་དོན་དུ་བེའུ་བཙས་མ་ལྟར་ཉམས་ཐག་པའི་རི་བོ་དེ
ཧམ་རྒན་ངོ་ཆེན་དག་གི་རྐུབ་སྟེགས་སྲུང་བྱེད་ཀྱི་རི་བོ་དེ
རྒྱུ་ཆེན་ཕྱུག་བདག་དག་གི་ནོམ་སྒམ་གྲུབ་བྱེད་ཀྱི་རི་བོ་དེ
ངའི་ཞེན་ཆགས་དང་ཕྱིར་མིག་ཀློང་གི་རི་བོ་དེ་ཨང
            2012.7.23

        ༣ གཙོད་གྲོང་གི་བུ་མོ།
བརྩེ་དུང་བརྩེ་དུང་ཟེར་ནས་རང་ཉིད་བསླུས་འགྲོ་བའི་བུ་མོ་དེ་དག་ནི
གཙོད་གྲོང་གི་ཆང་ཁང་རེ་རེར་ཁ་དོག་དང་མངར་སྐྱུར་བསྒོ་མཁན་ཡིན་སོང
ཁྱེད་ལ་མཚན་ལམ་གང་ཞིག་སྐྱེལ་རོགས་བྱེད་མཁན་གྱི་བུ་ཕོ་དེ་ཡང
ད་ལྟ་ཁ་རོག་གེར་ཁྱེད་ལ་བསླུ་བྲིད་གཏོང་མཁན་གྱི་རིགས་སུ་གྱུར་སོང་བ་མ་ཡིན་ནམ
 
གཙོད་གྲོང་གི་བུ་མོ་ནི་བརྩེ་བ་ཆུ་བཞིན་གདུ་ལ
དུང་བ་མེ་བཞིན་འབར་སླ་བའི
སུས་ཀྱང་བདག་པོ་རྒྱག་ཆོག་པའི་མེ་ཏོག་ཅིག་རེད།
            2012.7.26

          ༤ ཀན་སུའུ་དགེ་འོས་ཚང་གི་ལྟད་མོ།
གནའ་མྱིའི་རུས་རྐང་དང་མགོ་འཕང་བོར་སོང་བའི་མཁར་གྲོང་འདི་ན
ཀན་སུའུ་དགེ་འོས་ཚང་ཟེར་བའི་སློབ་ཆེན་ཞིག་ཀྱང་ཡོད་སྐད
དཀྱེལ་ཡངས་བའི་རྭ་སྐོར་དང་མཛེས་ལྗོངས་དག་གིས
ཡིད་སེམས་ཧྲིལ་བོ་སྤྲིད་པར་བྱས་ཀྱང
བདག་གི་མིག་ལམ་དུ་འཚང་ཡོངས་བ་ནི
བདག་གི་རྣ་ལམ་དུ་གཟེར་ཡོང་བ་ནི
འུ་ཚང་གི་སྐད་ཡིག་དང་འདུ་ཤེས་བོར་བའི
འུ་ཚང་གི་ཤ་ཁྲག་དང་རུས་རྐང་བོར་བའི
འུ་ཚང་གི ་ ་ ་ ་ ་ ་
               2012.7.29
 
         ༥ མི་དེར་ཁ་བྲལ་སོང་།
ཁ་པར་དང་བརྡ་འཕྲིན་གང་རུང་གི་ངོས་སུ
ངས༼སྙིང་སྡུག༽ཅེས་བྱམས་དུང་གི་མིང་ཡིག་འདོགས་སའི་མི་དེ
བརྩེ་བ་དང་སེམས་པ་གང་རུང་གི་མཐིལ་ན
བདུད་རྩི་ལྟར་ལྟེམ་མེར་འཁྱིལ་བའི་ངའི་མཚན་གུང་གི་ར་ཁུ་ཞིམ་པོ་དེ
 
རྨི་ལམ་དང་སྙན་ངག་གང་རུང་གི་བར་ན
སྐར་འོད་ཅིག་དང་འདྲ་བར་རྟག་ཏུ་འཚེར་མྱོང་བའི་མི་དེ
མིང་དུ་ཡེ་ཤེས་སྒྲོལ་མ་རུ་འབོད་པའི་མི་དེ
མི་དེར་ཁ་བྲལ་སོང
                  2012.8.2
 
         ༦ བུ་མོ་ཆོས་དབྱིངས་སྐྱིད་ཟེར་བ་དེ།
གསེར་དངུལ་གང་གིས་ཀྱང་ཁུག་པར་དཀའ་བའི་གཏམ་བཟང་དེ་ཐོས་རྗེས
ཡིད་སེམས་ཧྲིལ་བོ་དགའ་སྤྲོ་ཞིག་གིས་གནོན་མི་ཐུབ་པར་གྱུར་ཅིང
ལྷུག་ལྷུག་དགོད་པའི་ཁོ་མོའི་རྒྱལ་ཁའི་འཛུམ་མདངས་དེས
བུ་མོ་ཆོས་དབྱིངས་སྐྱིད་ཀྱི་འཛུམ་མདངས་དེས
ད་དུང་ཡང་བོད་ཅེས་པའི་རིགས་རྒྱུད་འདིར
ལུས་རྩལ་པའི་དཔུང་སྡེ་ཞིག་མེ་ལྩེ་ལྟར་འབར་བཞིན་ཡོད་པ་བདེན་དབང་བྱས་སོང་བ་འདྲ
                        2012.8.9
 
          ༧   བོད་ཀྱི༼གཡག་གསར༽ཐོན་ཡོད།
ང་ལ་མེས་པོ་ཞེས་པའི་བཙན་པོ་རྒྱད་པ་ཅན་ཞིག་ཡོད་ཕྱིར
ང་ལ་ཕ་ཡུལ་ཅེས་པའི་མང་ཚོགས་རྩམ་དྲི་ཅན་ཞིག་ཡོད་ཕྱིར
ང་ལ་རིག་གནས་ཤེས་པའི་ནམ་མཁའ་གཏིང་མཐའ་དཔོག་པ་ཞིག་ཡོད་ཕྱིར
ང་ལ་སྤུན་ཟླ་ཞེས་པའི་བུ་རྒོད་དཔུང་ཤ་ཅན་ཞིག་ཡོད་ཕྱིར
ང་ལ་གཡག་གསར་ཞེས་པའི་འགན་ཁྲི་ཞིག་ཀྱང་ངང་གིས་ཡོད་སྲིད་དོ
                        2012.8.20

         ༨  གནའ་མྱི་དྲན་པ།
སྲིད་པའི་གངས་རྒན

གནམ་ལ་ཟུག་པའི་མགོ་འཕང་ལྕི་མོ་ཞིག
            
ཟླ་བའི་དཀྱིལ་མཁོར་ལས་ཆེ་བའི་ངོ་གདོང་སྨུག་པོ
            
རླུང་གི་ཧྲག་བར་ནས་མེ་སྟག་བཞིན་མཆེད་ཅིང
            
དུས་དེར  ངས་ཡང་བསྐྱར་ཁྱེད་ཀྱི་མངའ་ཐང་ལ་མེ་ཏོག་གཏོར་འདོད
            
རེ་བ་དང་སྨོན་འདུན་ལྟ་བུའི་མེ་ཏོག་སྤར་གང་འཏོར་འདོད་ཨང
            
མྱི་ལོ་རྫོགས་མེད་ཅིག་ཕར་བསྐྱལ་བའི་དེ་རིང
            
ཁྱེད་ཀྱི་བུ་ཚ་རྟ་ནག་ཅན་ཚོས
            
ཁྱེད་ཀྱི་མི་རྒྱུད་དཔའ་སྙིང་ཅན་ཚོས
            
བླ་གཡུ་ལྟ་བུའི་གངས་རི་ཞིག་འབོར་གྱིན་འདུག
            
སྲུང་འཁོར་ལྟ་བུའི་རི་ཆུ་ཞིག་ཀྱང་འབོར་གྱིན་འདུག
             
            
སེམས་པ་ཞིག་ཁ་བའི་རི་སྒང་ན་ཡོད
            
སྙན་ངག་ཅིག་ཆུ་བོའི་གྲམ་གཞུང་ན་ཡོད
            
ཡང་ན  རུལ་མ་ཐུབ་པའི་རྨོ་མོའི་གསོལ་འདེབས་གྲངས་མེད་ཅིག
            
ཁྱེད་ཀྱི་དུར་ཁྲོད་དང་བྱ་རྒོད་ཀྱིས་ཐོས་སམ
            
ཁྱེད་ཀྱི་ཕྱིང་ཞྭ་དང་སློག་ཧྲིལ་གྱིས་གོ་འམ
 
ཨ    རུས་རྐང་དུ་མནར་བའི་རྣག་ཁུ་དྲོན་མོ
             
ཐ་སྙད་འགའ་ཞིག་གི་སྙིང་ཁར་ཅི་ལྟར་གླན་ཡང
             
བདག་གིས་ཁྱེད་འབོད་པའི་རྒྱ་མཚན་གཤའ་མ་ཞིག་ཏུ་མ་ངེས་ལ
             
བདག་གིས་ཁྱེད་དྲན་པའི་སེམས་པ་དམར་པོ་ཞིག་ཏུ་མ་གྱུར
                    
                                       
                ༢༠༡༡.༡༡.༤


                              

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།