གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ས་ནས་ཁྲེན་ཏུའུ་ཡི་བར་ན།

2012-10-10 10:38:00 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།


ཆུ་ཚོད་ཉེར་དྲུག་གི་འགྲུལ་བཞུད་རིང་མོ།
མེ་ཚེ་འདིའི་ཆེས་ཐོག་མའི་རྒྱང་བཞུད་རིང་མོ།
མེ་འཁོར་གྱི་དུང་བརྡ་དང་འགྲོགས་ཏེ།
དགའ་བ་དང་སྐྱོ་སྣང་འདྲེས་མར་འགོ་ཚུགས་སོང་།

ལྷ་ས་ནས་ཁྲེན་ཏུའུ་གྱི་བར་ན།
རི་ཆུ་སྟོང་གི་མཛེས་སྡུག་ཡུལ་ལྗོངས།
ངའི་རྨི་ལམ་ནང་གི་འབྱུང་འགྱུར་བཞིན།
ཧ་ཅང་མཚར་ལ་ཤིན་ཏུ་མཛེས་མོད།
རིང་ནས་རིང་དུ་ལུས་བཞིན་པའི་ཕ་ཡུལ་གྱི་ཕ་མ།
མེ་འཁོར་ནང་གི་མཚན་མོའི་རོལ་དབྱངས་བཞིན།
ཟམ་ཟིམ་ནས་ཟམ་ཟིམ་ངང་ཡིད་ཀྱི་སྐྱོ་སར་འཐིམས་འགྲོ།

ལྷ་ས་ནས་ཁྲེན་ཏུའུ་གྱི་བར་ན།
ཁང་བཟང་སྟོང་གི་ངོ་མཚར་བཟོ་བཀོད།
ངའི་མ་འོངས་ལམ་གྱི་འཆར་གཞི་བཞིན།
མཚར་དུ་མངར་ལ་གྲལ་བསྟར་འགྲིག་མོད།
རྒྱང་ནས་རྒྱང་དུ་ལུས་བཞིན་པའི་ཆུང་འདྲིས་ཀྱི་ངོ་གདོང་།
དུ་ཞགས་ཁྲོད་ཀྱི་ཐོག་བརྩེགས་ཁང་བཟང་བཞིན།
རབ་རིབ་ནས་རབ་རིབ་ངང་འདྲེན་བྱེད་ཡུལ་ལས་ཡལ་འགྲོ།
ལྷ་ས་ནས་ཁྲེན་ཏུའུ་གྱི་བར་ན།
ཞེན་ཆགས་སྟོང་གི་ཕྱི་བལྟས་མང་པོ།
ངའི་འགྲུལ་བཞུད་ལམ་གྱི་ཟས་རྒྱགས་བཞིན།
ཉིན་མཚན་དུས་དྲུག་ལྷ་སར་ཕྱོགས་མོད།
འོད་སྣང་སྟོང་གི་ཕུགས་རེ་མང་པོ།
ངའི་འགྲུལ་བཞུད་ལམ་གྱི་ལྕག་ཚན་བཞིན།
མདུན་བསྐྱོད་ནས་མདུན་བསྐྱོད་ཀྱི་ལམ་བུར་ཡང་ཡང་བསྐུལ་འགྲོ།

“མེ་འཁོར་ཁྲེན་ཏུའུ་འབབ་ཚུགས་སུ་འབྱོར་སོང་།”
མི་ཚེ་འདིའི་ཆེས་ཐོག་མའི་རྒྱང་བཞུད་རིང་མོ།
ཆུ་ཚོད་ཉེར་དྲུག་གི་འགྲུལ་བཞུད་རིང་མོ།
བསམ་གཞིགས་ཀྱི་དྲྭ་རྒྱ་དང་འགྲོགས་ཏེ།
རེ་བ་དང་ཡིད་ཆེས་འདྲེས་མར་མཇུག་རྫོགས་སོང་།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།