གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བ་འདྲེ་རེད།

2012-08-25 16:54:00 སྐྲན། ཀློག་གྲངས། མཆན ཡོད།


བརྩེ་བ་འདྲེ་རེད།
མི་སེམས་རླུང་རེད།
རླུང་བུ་དལ་གྱིས་ལྡང་ཞིང་དྲག་རྩུབ་ཀྱིས་ལྡང་སྲིད།
ཁ་ཕྱོགས་དང་དམིགས་ཡུལ་ཅི་ཡང་མེད་པར་ལྡང་ཡང་སྲིད།
 
ཉེ་འཁོར་དང་ཐག་རིང་དུ།

གཞན་སེམས་དང་རང་ཡིད་དུ།

ཞི་བས་ལྡང་ཞིང་རྒྱས་པས་ལྡང་བས།
བརྩེ་བ་འདི་འདྲེ་འདྲེ་རྐྱང་ཞིག་རེད།
 
རྒྱབ་གཟུགས་དང་བྲང་གཞུང་དུ།
སྐྲ་ལོའི་ལྡེམ་སྟངས་དང་འགྱུར་ཁུག་དག་ཏུ།
ཧ་ཅང་བག་ལྷོད་དང་ལྐོག་ལྟའི་སྲོལ་གྱིས།
བརྩེ་བས་མི་སེམས་དྲུད་ཅིང་ཁྲིད་འགྲོ་བས།
དེ་ནི། ངོ་མར་འདྲེ་འདྲེ་རྐྱང་ཞིག་གོ།
 
ཉལ་ཐུལ་ལྟེབ་སྟངས་དང་དྲི་ཞིམ།
ཉལ་གདན་འདིང་སྟངས་དང་པ་ཊྲ།
ཉལ་ཁྲིའི་འོག་དང་འཐེན་སྒམ་ནང་དག་ཏུ།
མི་སེམས་དང་བརྩེ་བའི་རླུང་བུ་ཡང་མོར་རྒྱུ་དུས།
ངས། དེ་ཉིད་འདྲེ་འདྲེ་རྐྱང་དུ་རྒྱུ་བའང་གསལ་བོར་མཐོང་།
རི་བོའི་རྩེ་དང་ཡངས་པའི་སྤང་ནས།
བྲག་སྐྱིབས་དང་ལུང་ཤུར་རེ་རེ་ནས།
སུ་ཞིག་དང་ཉིན་ཉལ་བྱས་ཞིང་།
གང་ཞིག་ནས་ལྐོག་གཡོ་འཐེན་པར་བསམ་ན།
མི་སེམས་གསོད་པའི་བརྩེ་བ་འདི་འདྲེ་འདྲེ་རྐྱང་ཞིག་རེད།
 
ཨ་ཕས། ཨ་མ་ལགས་གང་ནས་ཁྲིད་འོང་བ་ཡིན་ནམ།
གཅུང་མོས། ཕོ་སར་འདི་ངེད་ཁྱིམ་གྱི་སྐྱབས་བཅོལ་བར་གང་འདྲར་བཟོས་པ་ཡིན་ནམ།
སྒོ་ཁྱི་འདི་རུ་བཏགས་འདུག
རྟ་ཕུར་དེ་ན་བརྡབས་འདུག
ཆོན་ཐག་ཕྱོགས་བཞིར་བརྐྱངས་འདུག
དོན་ངོ་མར་བསམ་ན།
བརྩེ་བས་སྐྱོར་བའི་བརྩེ་བ་འདི་འདྲེ་འདྲེ་རྐྱང་ཞིག་རེད།
 
མི་ཡུལ་ནས་རང་ཁྱིམ་ལ་ལག་པ་བསྲིངས།
རང་ཡུལ་ནས་རྨི་ལམ་ལ་སྐུར་བ་བཏབ།
གཉིད་བཤད། དུངས་བརྗོད། གཏི་མུག་ལ་སོགས་པས།
རང་ཉིད་ལ་དུང་གི་སྟོད་གོས་གྱོན་ཞིང་འགྱུར་རྟ་ཡུ་རིང་ཉོ་བས།
རང་གཞན་ཤེས་པའི་བརྩེ་བ་འདི་འདྲེ་འདྲེ་རྐྱང་ཞིག་རེད།
 
གཟན་ཤམ་འོག་གི་སེར་བོའི་གློག་བརྙན་དང་།
སྡོམ་ཁྲིམས་མནབས་པའི་མག་པ་མནའ་མ་ཚོས།
ཉིན་རེའི་ཞལ་འདོན་དང་སྙན་ངག་གྱེར་སྟངས།
ཉིན་སྲིབ་དང་དཀར་ནག་ཤེས་པའི་བརྡ་དག་གི་གོ་རིམ།

དོན་གྱིས་བསམ་ཞིང་གནད་ལ་མཉན་ན་ནི།
རྩ་ལྟུང་གི་རྩ་བ་འཛུག་པའི་བརྩེ་བ་འདི་འདྲེ་འདྲེ་རྐྱང་ཞིག་རེད།
 
ཞེ་འཁོན། དྲག་རྩུབ། བཅོས་འཛུམ།
ཁ་རླངས། དམག་འཁྲུག འཕྱ་སྨོད།
དག་སྣང་གིས་བཟི་བའི།
ཞིམ་སྣང་གིས་འདར་བའི།
བསླུ་བྲིད་བོར་བའི་བརྩེ་བ་འདི་འདྲེ་འདྲེ་རྐྱང་ཞིག་གོ།
 
མི་སེམས་རླུང་རེད།
བརྩེ་བ་འདྲེ་རེད།

 14/08/2012
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།