གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱ་མཚོར་སྙིགས་ཀྱིན་པའི་གྲུ་གཟིངས།

2012-08-25 16:46:00 གངས་གཡུ་མཚོ། ཀློག་གྲངས། མཆན ཡོད།


གྲུ་གཟིངས་ཆེན་པོ་ཞིག  རྒྱ་མཚོའི་ཀློང་དུ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར
སེར་ལམ་ལམ་གཡོ་བའི་རླུང་ཡོལ་གྱི་བྱིན་རླབས་ལ་ཁེན་པའི་གྲུ་གཟིངས་ཆེན་པོ་འདི
འདར་ལྕིག་ལྕིག་བྱེད་པའི་གཞུང་ཤིང་གི་ཚེ་སྲོག་ལ་འཐབ་ཀྱིན་པའི་གྲུ་གཟིངས་ཆེན་པོ་འདི
ཆུ་ཀླུང་མང་བོའི་སྟོབས་ཤུགས་ཀྱིས་སྐྱོམ་པའི་རྒྱ་མཚོར་སྙིགས་ལ་ཉེ
 
གདུང་ཤིང་ཞེ་གཉིས་ཀྱིས་གྲུབ་པའི་གྲུ་གཟིངས་ཆེན་པོ་ཞིག
ཀ་ཆེན་སོ་བཞི་ཡིས་བཏེགས་པའི་གྲུ་གཟིངས་ཆེན་པོ་ཞིག
མགྲོན་པོ་ས་ཡ་དྲུག་གི་འགྲུལ་བཞུད་བྱེད་སའི་གྲུ་གཟིངས་ཆེན་པོ་ཞིག
དེ་རིང  རྒྱ་མཚོའི་ཀློང་དུ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར
 
གྲུ་གཟིངས་འདི་ཆག་པར་དོགས་ནས་མི་ལ་ལ་རྒྱ་མཚོར་རྐྱལ་སོང
མི་ལ་ལ་འཇིགས་སྐྲག་དང་ན་ཟུག་གིས་གཙེས་པས་རང་སྲོག་བཅད་སོང
གྲུ་གཟིངས་འདི  ད་དུང་ཡོར་ཡོར་སྐྱོད་ཀྱིན་འདུག་མོད
མཚོ་འགྲམ་གྱི་མི་དག་ནི་ཇག་པ་ཞིག་གི་སྲོལ་གྱིས་རུབ་འོང
 
མི་ལ་ལས་སེར་ལམ་ལམ་གཡོ་བའི་རླུང་ཡོལ་འདི་བདེ་བར་བགྲོད་བྱེད་ཀྱི་གཤོག་པ་ཞིག་རེད་ཟེར
མི་ལ་ལས་རླུང་ཡོལ་འདི་ཁ་ཕྱོགས་ནོར་བྱེད་ཀྱི་ཐིག་གྲིབ་ཅིག་རེད་ཟེར
མགྲོན་པོ་ཚོས་ནམ་ཡང་རླུང་ཡོལ་ལ་ཅར་ནས་ཕྱོགས་སྟོན་འཁོར་ལོ་ཞིག་རེད་ཟེར
གང་ལྟར  གྲུ་གཟིངས་ཆེན་པོ་ཞིག་རྒྱ་མཚོར་སྙིགས་ཀྱིན་འདུག
 
ལོ་དང་ཟླ་བ་སྐད་ཅིག་སྐད་ཅིག་ཏུ་འདས་ཤིང
གྲུ་གཟིངས་ཆེན་པོ་ཞིག་དལ་བ་དལ་བུར་སྐྱོད་ཀྱིན་འདུག
དུས་ཚོད་ཀྱི་མདའ་རྟགས་མེད་པའི་མགྲོན་པོ་ཚོའི་ཁ་སང་དང་དེ་རིང
གྲུ་གཟིངས་ཆེན་པོ་ཞིག་དང་མཉམ་དུ་འཇིག་པའི་ཉེན་བརྡ་ཐོས་བྱུང
 
གློག་དང་བརྡ་རྟགས་གང་ཡང་མེད་པའི་གྲུ་གཟིངས་ཆེན་པོ་ཞིག
རླུང་ཡོལ་གྱི་བྱིན་རླབས་ཁོ་ནར་སྐྱབས་བཅོལ་བའི་གྲུ་གཟིངས་ཆེན་པོ་ཞིག
དུས་རབས་ཀྱི་རླབས་རྒྱུན་དང་ཤུགས་ཀྱིས་བརྡུང་བའི་གྲུ་གཟིངས་ཆེན་པོ་ཞིག
བདག་གི་མིག་ལམ་དུ་རིག་རིག་བར་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་སོང
 
                                 ༢༠༡༡ལོའི་ཟླ༩ཚེས༣༠ཐོ་རེངས་དུས་སུ་གཙོད་གྲོང་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།