གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པ་འདི་ཤོག་སྐྱ་བཞིན།༼ཞར་བཀོད་གཅིག་ཡོད༽

2013-01-19 18:14:00 འུར་ཆ་བ། ཀློག་གྲངས། མཆན ཡོད།


ཤོག་སྐྱ་ཞིག་ཐང་ལ་གཏོར་རྗེས
མིག་རྡེབ་དབང་ཙམ་དུ་ཡལ་སོང
 
འཁྱག་སོབ་སོབ་ཀྱི་སེམས་པའང
འདི་ལྟར་ཤོག་སྐྱ་བཞིན་ཐང་ལ་གཏོར་ན
སྐད་ཅིག་ཙམ་དུ་ཡལ་འགྲོ་བ་ཞིག་ཡིན་ནམ
 
ཚེར་གསེབ་ཀྱི་ན་ཟུག་ཅི་ཞིག་གིས
ཤོག་སྐྱ་འདི་ལོ་མ་བཞིན
སྟོན་ཟླ་ཚེས་རྗེས་ཀྱི་ལོ་མ་སེར་བོ་བཞིན
གྲང་རེག་གི་མངར་ཁས་བསྐྱུར་ནས་བུད་འགྲོ
 
འདི་ཡིས་བཤད་ན
ཤོག་སྐྱ་ཞིག་ཐང་ལ་གཏོར་རྗེས
གློ་བུར་དུ་ཡལ་འགྲོ་བར་རྒྱུ་རྐྱེན་ཡོད་དེ
ཐང་ན་ཤོག་བུ་གྲུབ་བྱེད་ཀྱི་མེ་འོབས་དང
ཤོག་བུ་འཕུར་བྱེད་ཀྱི་གཤོག་པ་བཅས་ཡོད་པ་མིན་ནམ
          2012-12-12 ཉིན་བླ་བྲང་དུ།
 
 
      ཐ་མག་རྐང་གཅིག་རྔུབ་ནས་ཚར་རྗེས།
                  --- སྙན་ངག་གི་སེམས་འགྱུ་རེ་ནས་གླེང་ན
 
བསེར་བུས་སྒུལ་བའི་སེམས་པ
ཐབ་ནང་གི་མེ་ཡི་རྣ་ལུང་བཞིན
སྐྱོ་བ་སིམ་བྱེད་ཀྱི་ཐ་མག་དེ་མེ་ལ་སྒྲོན་རྗེས
མདུན་གྱི་གསལ་ལ་མི་གསལ་བ་དག
ཆ་ཤས་རེ་བྱས་ནས་འོད་སྣང་དང་བཅས་མེ་ལ་འབར
 
ཐ་མག་ཅིག་རྔུབ་ནས་ཚར་རྗེས
སྔས་ཐོག་གི་ཚོན་ལྡན་གྱི་འདྲ་པར་དེ་སྐྱ་མདོག་ཏུ་གྱུར་ལ
དེ་ཡི་སྐྲ་གསེབ་དུ་དུ་བ་ལྷོག་ལྷོག་གིས
དོ་ནུབ་ཀྱི་འགྲོ་འདུག་ལ་འདང་རྒྱག་མེད་པར་གྱུར
 
གསལ་བོ་བཤད་ན
ཐ་མག་དེ་ཤུགས་ཆེན་པོས་རྔུབ་ནས་ཚར་རྗེས
རབ་རིབ་མག་མོག་གི་རྨི་ལམ་དེ
ངས་འབྲི་འདོད་པའི་སྙན་ངག་ཐུང་ངུ་ཞིག་ཏུ་གྱུར
 
  2012-12-13 ཉིན་བླ་བྲང་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།