གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཆང་ཧུབ་གང་གི་མངར་ཁ།

2013-05-08 15:38:00 སྤྲིན་དཀར།༼རེབ་ཀོང༽ ཀློག་གྲངས། མཆན ཡོད།

                ༼ཀ༽
རླུང་བུ་མེད་པའི་གོ་རིམ་ཁྲོད།
རེ་སྒུག་གི་ཤིང་ལོ་འཇམ་ཐིང་ངེར།
ལོ་ཟླ་འདིའི་སྔ་ཕྱི་རུ་འཕྱུར་བའི་གཏན་ཚིགས་ནག་པོ།
ཆང་ཁང་གྲུ་བཞི་ཞིག་གི་བར་འཁྱམ་ན།
ཡིག་ཐུམ་ནར་མོ་དང་ལྷན་དུ་བདེ་འབོལ་ལེ།

ཡང་ན། ང་ནི་ཡོང་སྐྱེན་པའི་ཁ་བ་དེའི་བཀྲག་མདངས་ཡིན་ནམ།
ཡང་ན། ང་ནི་བརྗེད་དཀའ་བའི་མཚན་མོ་དེའི་གྲིབ་གཟུགས་ཡིན་ནམ།
                 ༼ཁ༽
ལས་སྐལ་མེད་ཚེ།
ཁྱེད་ཀྱི་རྒྱབ་ལྗོངས་སྔོན་པོ།
ཐ་སྙད་གང་རུང་གི་གྲྭ་ཟུར་ན་དལ་ཅག་གེར།
སྨྲ་བ་དང་གཞས་ཚིག་མཐའ་དག་ཀྱང་།
ཉིན་མོ་དེའི་མངའ་ཐང་ལ་སེམས་པ་ཤོར།
                ༼ག༽
ལོ་ཆང་ཧུབ་གང་གི་མངར་ཁ་ནི།
བསྐལ་བ་སྟོང་གི་དྲན་ཤིང་ཡིན་ནམ།

དེ་ནས་བཟུང་།
ང་ལ་ཁུ་སིམ་གྱི་ཉིན་མོ་སླེབས་མ་བྱུང་།

                 ༼ང་༽
རི་ཚོགས་ཀྱི་དབུ་འཕང་སྔ་མོ་ནས་གཏད་རབས་ཟེར།
ད་ལྟ་སུ་ཞིག་ལ་ལོ་ཆང་གི་གསོལ་སྟོན་བཤམས།
མེ་ལྕེ་ལྟ་བུའི་སྙན་ངག་གི་དཔལ་འབར་འཁྱེར་ཤོག་དང་།
གླིང་ཕྲན་གཞན་ཞིག་ནི་ཆང་མཁན་གྱི་གནས་ཚང་ཡིན།

                  ༼ཅ༽
རབ་རིབ་ཀྱི་སྣང་བརྙན།
འདས་དོན་མང་པོ་ཞིག་གི་བཀོད་སྒྲིག་ཡིན་ནམ།

ཆང་ཁང་འདི་ནས།
ཡང་བསྐྱར་ཁྱེད་དང་འཕྲད་པར་བཀྲ་ཤིས་བདེ་ལེགས།

                ༼ཆ༽
ཁ་བཏགས་ཁྲུ་གང་གི་རིང་ཚད་ལ།
ཆ་མེད་རྒྱུས་མེད་ཀྱི་གཏམ་རྒྱུད་སྒྲིག་དགོས་དོན་མེད།
དེ་ལས  ཆང་མཁན་གྱི་སྐུ་ཚེ་བརྟན་པར་ཤོག
ཆང་ཁང་གི་སྒོ་མོ་འབྱེད་པར་ཤོག

                   ༼ཇ༽
གླེང་རིན་མེད་པ་མཐའ་དག
འདི་ནས་བསྐྱུར་ཞོག
ལོ་ཆང་ཧུབ་གང་གི་མངར་ཁ་ནི།
ལོ་རྒྱུས་དེབ་ཐེར་གྱི་དབུ་བྱང་ཡིན།

                   ༼ཉ༽
དུས་དེ་ནས་བཟུང་། ཁྱེད་ཚང་ལ་མགྲོན་པོ་མང་།
དྲ་མའི་ཕྱི་རོལ་ན་འཁོར་བའི་བྱ་ཚོགས་ཀྱང་།
བཟོ་ལྟ་དང་ཉམས་ཉེས་གཞན་ཞིག་གི་གོ་རིམ་གླེང་ལ།
སྣང་བ་རབ་རིབ་དེ་ཡང་།
བཞུད་ཟིན་པའི་ཨ་སྐྱོ་བ་དེའི་ཕྱག་ཕྲེང་འདྲ།

                 ༼ཏ༽
ང་ལ་འགྲོ་ལམ་མི་འདུག
སྟོང་བསམ་གྱི་ཆང་ཕོར་དེ་ཚོ།
ཁ་ཕོ་དང་ཞེན་ཆགས་ཀྱི་བར་ན་ལྷག

                ༼ཐ༽
ཆང་ཁང་གི་མཐའ་ནས།
རྒྱང་རིང་ཞིག་ལ་སེམས་པ་ཤོར་ཐེངས་རེར།
འགྱིག་ཤུབས་སེར་པོ་ཞིག་གི་དྲོད་ཤ་ཚོར།
སྐབས་འདི་དག་ལ།
ལོ་ཆང་གི་ཧུབ་གང་གི་མངར་ཁ།
སུ་ལའང་འགྲེལ་བཤད་རྒྱག་མ་ཐུབ།

              ༼ད༽
རྒྱུ་རྐྱེན་དེའི་དབང་གིས།
རྨི་ལམ་ནང་རྨི་ལམ་མང་ལ།
བསམ་གཞིགས་ལ་ཁ་དོག་མང་མོད།
གནས་ཚང་གཡར་མིན་གྱི་གོ་རིམ་ནི་དྲན་སྣང་གཞན་ཞིག་རེད།

                ༼ན༽
ལོ་ཆང་ཁམ་གང་གི་ངར་ཤུགས་ཁྲོད།
ངས་ཐག་རིང་ཐག་རིང་དྲན་བྱུང་།
རང་དབང་གི་མཁའ་དབྱིངས་སྔོན་པོ་དེ་དྲན་བྱུང་།

དེ་ནི།  ཆང་བཟི་ཞིག་གི་སྟོང་བསམ་ཡིན་ཀྱང་ཆོག

                 ༼པ༽
དཔའ་རྒོད་གཞན་ཞིག་གི་ཚེ་སྲོག
རེ་སྨོན་དང་ལྷན་དུ།  མེ་ལྕེ་དང་ལྷན་དུ།
འདི་ལྟར་བཞུད་སོང་།
དུས་འདིར། ང་ལ་མཁོ་བ།
ལོ་ཆང་ཧུབ་གང་ལས།
མར་མེ་དང་གསོལ་འདེབས་མིན།

               ༼ཕ༽
གཟུགས་མེད་སྒྲ་མེད་ཀྱི་དུས་ཚོད་འདི་ལ།
རོ་སྒམ་ནང་གི་སྙན་ངག་དེ་ཚོ།
ཆ་རྒྱུས་ལྡན་པའི་ལྷ་ཚོགས་ལ་འབུལ་རོགས།
ལོ་ཆང་ཧུབ་གང་ནི་ང་ཚོའི་དྲན་རྟེན་ཡིན་ཆོག

               ༼བ༽
བཤད་མི་འོས་པ་མང་པོ་ཞིག་འདི་ལྟར་ཤོར་སོང་།
ད་ནས་བཟུང་། ཁྱེད་ལ་ཁྱིམ་གཞི་མེད།
སྐྱེ་བ་ནས་སྐྱེ་བའི་བར་དུ།

               ༼མ༽
ལོ་ཟླ་ནི་ཆུ་བཞིན་བཞུར།
དེབ་ཐེར་དང་ཁ་བྲལ་བའི་དུས་ཚོད་མཐའ་དག
ཆང་མ་གཞན་ཞིག་གི་འཛུམ་མདངས་ལ་འཐིམས།
འབྲི་དེབ་བར་གསེང་ལ་འཁོར་བའི་ཐལ་རྡུལ
དུས་ནམ་ཞིག་ལ་བྱི་དོར་མཛད་དམ།

གོ་རིམ་ལས་གོ་རིམ་གཞན་ཞིག་རྙེད་ཚེ།
ཁྱེད་རང་གླེང་མཁན་ཉུང་།

               ༼ཙ༽
འགྲོ་ཞོར་རྙེད་པའི་གཡུ་ཆུང་དྲུག་དཀར།
རང་ཉིད་ཀྱི་གྲིབ་ནག་དང་ལྷན་དུ་བཏེགས།
ཀྱེ་མ།   ང་ལ་སེམས་ཁྲལ་ཆེ།

            ༼ཚ༽
སྒྲོལ་མ། ང་ལ་མ་སྒུག
ལོ་ཆང་ཧུབ་གང་གི་མངར་ཁ་ལས།
ངས་གཏན་ཚིགས་གཞན་ཞིག་རྙེད།

དེ་ནི་བདེ་བར་གཤེགས་པའི་གཟུངས་སྔགས་ཡིན་སྲིད།
དེ་ནི་འདོད་པའི་བསྟན་བཅོས་ཀྱི་དབུ་བྱང་ཡིན་སྲིད།

             ༼ཛ༽
ཟླ་འོད་མེད་པའི་མཚན་མོ་ཞིག་ལ།
ངས་སྐུ་ངོ་ཚོའི་སྒོ་འགྲམ་ནས་ཀི་ཞིག་བཏབས་མྱོང་བར་བཤད།
ལོ་ཆང་ཧུབ་གང་གི་ངར་ཤུགས་དེས།
ཟླ་བ་སྒྲ་གཅན་གྱིས་བཟུང་བ་སུ་ལའང་གསལ་ཆ་བྲལ་སོང་།

                 ༼ཝ༽
གཟབ་ནན་གྱི་ཕྱི་ནང་ན།
ལྷ་སྒྲུང་དང་རྨི་ལམ་མང་།

                 ༼ཞ༽
ལོ་ཆང་ཧུབ་གང་གི་མངར་ཁའི་བར།
གྲོགས་པོ་ཚོ་གཡས་གཡོན་ན་རྒྱབ་རི་བཞིན་བཀན།
འདས་མ་ད་གསུམ་གྱི་བཞིན་རས་སྐམ་པོ་དེ་ཡང་།
མེ་ལོང་ལ་ཧ་བཏབས་པ་བཞིན།
བགྲོད་ལམ་ཆེན་པོ་ཞིག་གི་དཀྱིལ་ན་མངོན།

                  ༼ཟ༽
དེ་ནས་བཟུང་།
ཁྱེད་ཚང་གི་ལྗོན་རྩེ་ན་བྱ་ཚོགས་འཁོར།
ཆང་གི་ལོ་ཟླར་འགྲོགས་པའི་ལོ་མའི་ཚོགས།
ག་ལེར་སེར་ཐིགས་ལྷུང་ནས་མར་ཟགས།

                    ༼འ༽
ཆུ་བོ་ལ་ཟམ་པ་མེད་པའི་སྔ་རོལ་དུ།
ལོ་ཆང་ཧུབ་གང་གི་མངར་ཁ་གླེང་མཁན་ཧ་ཅང་ཉུང་།
ཆང་མཁན་གྱི་སྒོ་མོ་རྟག་ཏུ་འབྱེད་པར་ཁ་གཡང་འབོད་མཁན་ཀྱང་ཉུང་།
དེ་དུས།  ང་ཐག་རིང་ཐག་རིང་ཞིག་ན་ཡོད།

                   ༼ཡ༽
ཕ་ཡུལ་གྱི་ནམ་ཟླ་ཧ་ཅང་འཁྱགས་པས།
ཆང་ཁང་འདིའི་མཛེས་སྡུག་མི་གླེང་ག་མེད་བྱུང།

ཕྱིར་མི་ལྡོག་པའི་ལམ་ཕྲན་འདི་ནས།
ཁྱེད་དང་འཕྲད་པར་རྟེན་འབྲེལ་ཞུ།

ད་ལྟ། ཉིན་མོ་དེའི་མངའ་ཐང་།
རང་དང་བར་ཐག་ཇེ་རིང་ཡིན་པ་གཞི་ནས་ཚོར།

                ༼ར༽
བར་སྐབས་འདི་འདྲ་ཞིག་ལ།
རྡ་ས་ནས་ངས་ཅི་ཞིག་དྲན།
གླེང་རིན་མེད་པ་མཐའ་དག་བསྐྱུར་ཞོག
ལས་སྐལ་མེད་པ་མཐའ་དག་གཡུག་ཞོག
ང་ལ་མཁོ་བ།
ལོ་ཆང་ཧུབ་གང་གི་མངར་ཁ་ཁོ་ན།

                ༼ལ༽
ནམ་མཐའ་ན་སྤྲིན་པ་མེད།
ས་གཞི་ན་རྡུལ་འཚུབ་མེད།
ཨ་ཨ། ང་བཟི་སོང་ངམ། ང་བཟི་སོང་ངམ།

                ༼ ཤ ༽
ལོ་ཆང་ཧུབ་གང་གི་མངར་ཁ།
ཆང་ཁང་གཞན་ཞིག་ནས་གླེང་བར་འོས།
བདེ་མོ།  ཆང་མཁན་གྱི་སྐུ་ཚེ་བརྟན་ཞིང་།
ཆང་ཁང་གི་སྒོ་མོ་རྟག་ཏུ་འབྱེད་པར་ཤོག
                      ༩་༢༩ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།