གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨོ་བོ་དང་ཕྲེང་བ་ཟད་པོ།

2013-04-22 12:16:00 བཀྲ་ཤིས་རྒྱལ། ཀློག་གྲངས། མཆན ཡོད།

ངེད་ཚང་གི་གདུང་མའི་མགོར་འཕྱངས་པའི་
རྡུལ་དང་ཚི་དྲེག་གིས་ཟིན་པའི་
ཕྲེང་བ་ཟད་པོ་དེ་མཐོང་ང་ཐེངས་རེར་
ངས་རང་གི་སྙི་ཉེ་བའི་རྨོ་བོ་
དུས་རྒྱུན་ཡིད་ལ་དྲན་འོང་
རྨོ་བོ་བཞུད་སོང་བས་
ཕྲེང་བ་ཟད་པོ་དེ་ཁེར་རྐྱང་དུ་ལུས་ཡོད
ཡིན་ནའང་
དེ་ནི་རྨོ་བོས་ང་ལ་བསྐྱུར་བའི་
མི་ཚེ་འདིའི་ཆེས་མཐའ་མཇུག་གི་
ལེགས་སྐྱེས་དེ་ཡིན་པ་
ངས་མི་ཚོར་བ་ག་ལ་སྲིད་
ཕྲེང་བ་དེ་རུ་
རྨོ་བོས་མ་ཎིའི་ཁ་གྲངས་བརྩིགས་ཡོད་ལ་
ཕྱག་གི་གནམ་ས་འགྱེད་ཡོད་
ཁོར་མཚོན་ན་ཕྲེང་བ་དེ་ནི་
འཇིག་རྟེན་འདིའི་ཆེ་དགོས་བཀོལ་གྱི་ནོར་བུ་ཞིག་རེད་
ནོར་བུ་དེའི་སླད་དུ་
རྨོ་བོས་མང་པོ་མང་པོ་ཞིག་བློས་གཏོང་ཕོད་
དུས་ཚོད་དང་འདུ་ཤེས་
བརྩེ་དུང་དང་སྙིང་སྟོབས་
སྙིང་རྗེ་དང་བློ་གྲོས་སོགས་རེད་
ཕྲེང་བ་ཟད་པོ་དེའི་ཁུགས་སོ་རུ་
རྨོ་བོའི་མིག་ཆུ་དང་བྱམས་བརྩེ་
འཚོ་བ་དང་རིན་ཐང་སོགས་འཁྱིལ་ཡོད་
ཨ་ཕས་བཤད་ན་ཕྲེང་བ་དེ་ནི་
འཇིག་རྟེན་བདེ་སྡུག་གི་ལས་དབང་
ཆོས་དབྱིངས་སུ་སྒྲོག་པའི་བགྲོད་ལམ་ཉག་གཅིག་དང་
སྲིད་པའི་གོང་བ་ན་རྩེན་པའི་གཏམ་རྒྱུད་མཚར་བོ་དག་
མི་རབས་ནས་མི་རབས་བར་སྤེལ་རྒྱུའི་
ཁ་དན་གསོན་པོ་ཞིག་རེད་ཟེར་
དེ་བས དུས་དེ་རིང  ངས་ཕྲེང་བ་ཟད་པོ་དེ་མཐོང་ཐེངས་རེར
རྨོ་བོ་དྲན་འོང་ཞིང   རྨོ་བོ་དྲན་ཐེངས་རེར
ཕྲེང་བར་དུང་ཞིང་ཕྲེང་བ་བསྒྲེང་བའི་
མི་རིགས་ཤིག་དྲན་འོང་
དུས་རབས་ཀྱི་གནོན་ཤུགས་རུམ་པའི་
དཔེ་དེབ་ཀྱི་ཁ་གྲངས་མང་དྲགས་པས་
ཕྲེང་བ་བགྲང་ཁོམ་མི་འདུག་ལ་
ཕྲེང་བ་དང་སྦྲེལ་བའི་གཏམ་རྒྱུད་མང་པོ་ཞིག་ལ་
སོས་དལ་གྱིས་ཉན་ཁོམ་ཡང་མ་བྱུང་
གང་ལྟར  ང་རང་ཡང་ཕྲེང་ལྡན་གྱི་མི་རིགས་ཤིག་གིས་
གསོས་ཤིང་བསྐྱངས་པ་ཡིན་པས
ངས་ཕྲེང་བའི་ངོ་བོ་དང་བླ་སྲོག་འཚོལ་འདོད་ལ་
དེའི་ཤུགས་ཀྱི་མི་རིགས་ཤིག་གི་རྒྱང་ལྟ་དང་རེ་སྨོན་ཡང་སྔོག་འདོད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།