གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་པ་འདི་དག

2013-04-14 17:15:00 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།


ས་ཕྱོགས་གང་ནས་ཁུར་ཡོང་བའི་བྱེ་མ་དེ་དག
རླུང་གིས་གང་ཞིག་ཏུ་འཁུར་འགྲོ
ཆུ་དང་བསྡེབས་ན་འདམ་ཉོག་ཅིག་དང་འདྲ་བར
སུ་ཞིག་གི་གཅེར་བུའི་ལུས་ལ་འབྱར་ཡོང
འབྱར་ནས་ཀྱང་རྣག་དང་ཁྲག་གི་ངོ་བོར་འཐིམས

བྱིས་པས་བརྩིགས་པའི་ཁང་བ་དེ་དག
རླུང་བུ་སྲབ་མོས་ཀྱང་ཞིག་འགྲོ་ལ
ཆུ་ཕྲན་གྱི་འུར་སྒྲས་ཕྱགས་འགྲོ་བ་དེར་བསམ་ན
རྨི་ལམ་ལ་མུན་པ་འཁོར་བའི་མི་དག་གིས
ཉི་འོད་ཀྱི་སྡིག་སྒྲིབ་ཇི་ལྟར་འདག་པར་ནུས
ས་གཞིའི་དྲོད་འཁོལ་ལུས་སེམས་སུ་གླན་པར
ཤཱཀྱ་ཐུབ་པ་བསྒུག་དགོས
བཀའ་དང་བསྟན་འགྱུར་འདོན་དགོས

བྱེ་ཐང་ནས་ཀ་ཁ་ཀློག་པའི་བྱིས་པས
ཁ་བའི་མཐུག་ཚད་རྨི་ལམ་དུ་རྨི་སྐབས
ཁ་བ་ནི་གནའ་གཏམ་ཞིག
མེས་པོ་སྔ་མ་སྔ་མ་དག་གི་གནའ་གནའ་གཏམ་ཞིག
ཤོག་བུའི་ངོས་སུ་བྲིས་པའི་གནའ་གཏམ་ཆད་པོ་དེ་དག
ད་ལྟ་སུ་ཞིག་གིས་ཀློག་གིན་ཡོད
      སྤྱི་ལོ༢༠༡༣ལོའི་ཟླ༤པའི་ཚེས་༦ཉིན་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།