གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྲེང་ཞེན་གྱི་ལོ་ཟླ།

2013-07-17 12:46:00 རྨོག་རྡོ་རྗེ་རྒྱལ། ཀློག་གྲངས། མཆན ཡོད།

         ___སྔོན་གྱི་མཛའ་མོ་ལ།

 

སྦི་རག་གང་མང་ཞིག་ལ་མཆུ་ཏོ་ཡང་ཡང་སྦྱར་རྗེས།
སེམས་ཀྱི་གཏིང་རིམ་དུ་བཅུག་པའི་གསང་བ་ཇི་སྙེད་ཅིག་སྐྱུག་ཡོང་།
མངར་སྐྱུར་ལན་ཚྭའི་ཕྱི་དྲན་གྱི་ལོ་ཟླའི་བང་རིམ་ལས།
ཡིད་ངོར་བཏེགས་པའི་སྣང་བརྙན་གང་ཞིག་ཀྱང་ཅིག་ཅར་དྲན་བྱུང་།
དོ་དགོང་ངས་སྦི་རག་གཅིག་གི་སྤོབས་པ་གཡར་ནས་ཁྱེད་རང་དྲན་སོང་།
སྙིང་གི་འཕར་ཚུལ་དང་དབུགས་ཀྱི་རྒྱུ་བ་མགྱོགས་དྲགས་པས་གླེང་འདོད་ཀྱི་སྐད་ཆ་དེ་གླེང་མ་ཐུབ།
 
མུན་མི་རུབ་པའི་གྲོང་ཁྱེར་འདིའི་འདུ་ལོང་ཁྲོད་ང་སྨག་རིམ་གྱིས་ཡོངས་སུ་མནན་འདུག
ཐ་ན་སྲིན་འབུ་མེ་ཁྱེར་གྱི་འོད་སྣང་ཕྲན་བུ་ཙམ།
དེ་བས་ངས་འདས་སོང་གི་ལོ་ཟླ་དྲན་ཞིང་དེ་ལ་མཁྲེང་དགོས་བྱུང་།
བརྩེ་དུང་མེད་པའི     སྤྲོ་སྣང་ཡལ་བའི     ནད་ཀྱིས་གཙེས་པའི
དེ་རིང་གི་དུས་ཚོད་ངོགས་སུ་ང་གན་རྐྱལ་དུ་ཉལ་ནས།
སང་ཉིན་ཞེས་པ་ལ་སྔར་བཞིན་སྒུག   འདས་སོང་ཟེར་བ་སྔར་བཞིན་དྲན།
 
ངས་ན་ཟུག་གི་ཨམ་གཙིགས་བསྡམས་ཏེ་ཁྱེད་རང་བཙལ་མོད།ཁྱེད་རང་མ་རྙེད།
རེད་དེ།  ད་ནི་ཁྱེད་ལ་གྱེས་ཕྱག་ཅིག་འཚལ་རན་པ་ཡིན་འདུག
ཕྱི་དྲན་གྱི་ལོ་ཟླ་ནི་ཕྱིར་མི་ལྡོག་ཅིང་མཛེས་སྡུག་གི་རྨི་ལམ་ལ་ཆག་གྲུམ་ཤོར་རྐྱེན།
ངས་ཁྱེད་ལ་ཁ་བྲོ་དང་བཅས་སྐྱབས་འཇུག་ཞུ་ངེས།
སྙན་ངག་གི་ཀློང་ནས་སྐྱེལ་མ་བྱེད།
                                              ༢༠༡༣ལོའི་ཟླ་༦པའི་ཚེས༡ཉིན་ལྷ་ལྡན་དག་པའི་ཞིང་ནས་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།