གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྱེས་ཁའི་སེམས་གཏམ།

2013-05-12 14:53:00 གངས་ཕྲུག་བསྟན་འཛིན།༼ཝུའུ་ཧན༽ ཀློག་གྲངས། མཆན ཡོད།

ཁ་བཏགས་རིང་མོ་ཞིག་སྐེ་ལ་བཏགས་ནས།
རྟབ་རྟབ་པོ་མེ་འཁོར་ལ་བསྡད་ནས།
རྒྱང་རིང་གི་ཡུལ་ལ་ཆས་དགོས་སོང་།
ཨ་ཇོ་ལགས།  ང་སོང་ཤུལ་དུ།
ཁྱེད་སྐྱོ་བ་མ་གནང་ལ་སྤྱན་ཆབ་བསིལ་བ་དེ་བས་མ་གནང་།
ངེད་ཚོའི་དྲིན་ཆེན་ཨ་མར།
བཀུར་བསྟི་དང་ཞབས་ཏོག་ཡག་པོ་གནང་རོགས།
རྒྱང་རིང་གི་མི་ཡུལ་ནས།
ནུ་བོ་ངས།  ཁ་པར་གྱི་སྣེ་མོ་ཟིན་ནས་ཁྱེད་ཚོར་ཁམས་བདེ་ཡང་ཡང་འདྲི་སྲིད་ལ།
ཁྱེད་ཚོས་མངག་པའི་བསླབ་བྱ་ཡང་ཡང་ཡིད་ལ་དྲན་སྲིད།
འདུ་འཛི་དང་ཟང་ཟང་ཆེ་བའི་གྲོང་ཁྱེར་འདི་ན།

ངས་ཐོས་མ་མྱོང་བའི་གཏམ་དང་བྱ་མ་མྱོང་བའི་བྱ་བ་མང་པོ་ཞིག་འདུག
འོན་ཀྱང་།  ངས་ནམ་ཡང་བླང་དོར་གྱི་མིག་ཟུང་ཕྱེ་ནས་རྣམ་གཡེང་ག་ལ་བྱེད།

དེར་བརྟེན།  འདུ་འཛི་དང་ཟང་ཟིང་ཅི་འདྲ་ཆེ་ཡང་།
ནུ་བོ་ངའི་ཕུགས་འདུན་ལ་གཡོ་འགུལ་བྱེད་མི་ཐུབ།
ངས་ཕུགས་འདུན་བཟང་མོ་དེ་ཡིད་ཀྱི་རུམ་དུ་བཅུག་ནས་འབད་བརྩོན་བྱེད་སྲིད།
ཨ་ཇོ་ལགས།  ལེ་དབར་སྟོང་གིས་བསྐལ་བའི་མི་ཡུལ་འདི་རུ།
ངས་སྐྱོ་བ་དེ་ཀ་མད་སུམ་ཅུའི་འཕྲེང་བར་བརྒྱུས་ནས་སྨྱུག་བརྩེ་ལས་བཞུད།
དགའ་བ་དེ་དགུང་སྔོན་གྱི་ཐང་དཀར་ལ་མངག་ནས་ཁྱེད་ཕྱོགས་ལ་བསྐུར་སྲིད།
ཨ་ཇོ་ལགས།  རྒྱ་ནག་རྒྱ་ཡི་ལུང་པར་སླེབས་ཀྱང་།
ང་སྔར་བཞིན་སྦྲང་དཀར་རྩམ་པར་ཞེན་ལ།
མ་ཡིས་གནང་བའི་སྣམ་གོས་གྱོན་རྒྱུར་ཡང་ཧ་ཅང་ཞེན།
དེ་བས་ཀྱང་ངས་མ་སྐད་གཙང་མ་ཞིག་རྒྱབ་ནས་མི་ཚོགས་ཀྱི་དབུས་སུ་སྤོབས་པ་བྱེད།
ཨ་ཇོ་ལགས།  ཐུགས་ཁྲལ་མ་གནང་།
རི་བོ་མཐོན་པོའི་ཕ་རོལ་ན་དྭངས་གཙང་གི་ཆུ་བོ་ཡོད་ངེས་ལ།
མྱ་ངམ་ཐང་གི་ཕ་རོལ་ན་མུ་མེད་ཀྱི་རྩ་ཐང་ཡོད་ངེས་པས།


ཁྱེད་ཚོས་བདག་ལ་བཅོལ་བའི་རེ་བ་ཆུད་ཟོས་སུ་གཏོང་ག་ལ་སྲིད།
ལོ་ཟླ་རིང་མོའི་ཕ་རོལ་ན།
ནུ་བོ་ངས་ཁྱེད་རྣམས་ཀྱི་གམ་དུ་དྲིན་ལན་གསོལ་བར་བཅར་ཆོག །
               ༢༠༡༠ལོའི་ཟླ་བ་༡༠ཚེས་༡༢ཉིན།
  ཀྲུང་གོ་ས་གཤིས་སློབ་ཆེན་གྱི་གངས་ཕྲུག་བསྟན་འཛིན་གྱིས་ཝུའུ་ཧན་དུ་བྲིས།




 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།