གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡང་ཕ་ལོང་གི་སྙན་ངག་ཁག་གསུམ།

2013-11-02 16:39:00 གཡང་ཕ་ལོང་། ཀློག་གྲངས། མཆན ཡོད།

 

           ལོ་མ་ལད་པོ།
 
ཁང་ཐོག་དགུ་བརྩེགས་ཤིག་གི་སྒེའུ་ཁུང་བར་ནས
སྨག་ནག་དགུ་བརྩེགས་ཤིག་ལ་སེམས་པ་གླན་ཏེ
རང་ལ་དབང་མ་སོང་བའི་དུས་ཚིགས་ཤིག་ལ
གྱེས་བྲལ་གྱི་གདུང་སེམས་ཁྲོད་ནས་སྐྱེལ་མ་བྱས
 
དབང་མ་སོང་བའི་དུས་ཚིགས་དེའི་ཤུལ་ན
ང་ལ་ཅི་ཞིག་ལྷག་ཡོད     ལྕང་མ་སྐམ་པོ་དག་མ་གཏོགས་ཅི་ཡང་མེད་དུས
ངའི་སེམས་པ་ཡང་ལོ་མ་རྙིད་པོ་བཞིན
རླུང་བུ་འཇམ་པོ་ཞིག་གིས་ཁུར
 
མཚན་མོ་འདིར    ངའི་སེམས་པ་ཡང་སྟོན་རླུང་དང་བསྡོངས་ཏེ་
གཡུག་གིན་འདུག
ཟླ་འོད་ཀྱི་ངོས་ན       སྡོང་ལོ་ལད་པོ་དག
ཁ་བ་བཞིན      འབབ་ཀྱིན་མཆིས
 
ངས་སྟོན་ཟླ་ཡི་གྲུ་ཟུར་ཞིག་ནས
སྨག་ནག་གི་མཚན་མོ་གསར་བ་ཞིག་གྱོན་ཏེ
ལོ་རྗེས་མའི་དཔྱིད་ཟླ་འགོ་མ་ལ་འབོད་པ་བཏང
                ༢༠༡༣   ༡༠  ༡༢ཉིན་གྱི་མཚན་མོར་གྲུབ།

          ཁྱེད་ཀྱི་ཉེ་སར་བཅར་པ་ནས།

ངས་ཁྱོད་ཀྱི་ཉེ་སར་བཅར་པ་ནས
ཚོར་བ་གཞན་ཞིག་གིས
སེམས་ཁུང་ན་ལྷོག་ལྷོག་གདུ་བཞིན་པའི་རླངས་པ་རེ་རེར
ཁྱེད་ཀྱི་ཕྱོགས་སུ་སྤུར
 
ངས་ཁྱོད་ཀྱི་ཉེ་སར་བཅར་པ་ནས
བོད་སྨན་ཁང་གི་གཟུགས་པོ་མཐོང་དུས་ཀྱང
ངས      ཁྱེད་ཉིད་སྨན་ཐུན་གཅིག་གི་ཚུལ་དུ་སྒོམ་ནས
མིད་ཀྱིན་མཆིས
 
ངས་ཁྱོད་ཀྱི་ཉེ་སར་བཅར་པ་ནས
ཞག་ཐུན་རེ་རེའི་རྨི་ལམ་དུའང
ཁྱེད་ཀྱི་ལང་ཚོ་གྲུབ
 
ངས་ཁྱོད་ཀྱི་ཉེ་སར་བཅར་པ་ནས
ངའི་དྲན་གཞིགས་ཀྱི་ལམ་སྣེ་རུ
ཁྱེད་ཉིད་མཛེས་སྡུག་གིས་ལྷུང་འོངས
དུས་དེ་ནས་བཟུང    ངའི་བསམ་གཞིགས་ཀྱི་རོལ་དབྱངས་རེ་རེའང
ཁྱེད་ཀྱི་ཕྱོགས་སུ་བཏང
 
ངས་ཁྱོད་ཀྱི་ཉེ་སར་བཅར་པ་ནས
ངའི་སྙན་ངག་གི་བྲང་གཞུང་ངོས་སུ
ཐ་སྙད་ལས་བརྒལ་བའི་འཆར་ཡན་གྱི་མཚོ་མོ་ཆགས
དེ་ནས་བཟུང    ཁྱེད་རང
ངས་རྒྱུ་རྩལ་གྱི་མཐོ་ཤེས་སུ་བཀོད
                           ༢༠༡༣  ༧  ༢༣ཉིན།
                                     ཕ་ཡུལ་ནས།


          ད་མ་ཕམ་རོགས།

ལན་གྲུ  ང་ཁྱེད་ཀྱི་རུམ་ཁར་ལོག་ནས
དུས་ཅི་ཙམ་མགོར་ཡང   ཁྱེད་ཀྱིས་ང་ལ
ཉིན་གཅིག་ལ་འཛུམ་དམུལ་ཙམ་ཡང་མི་སྟོན་པ་ཅི
ཁྱེད་རང་ས་རྡུལ་གྱིས་ངུ་དུས
ངས་ཁྱེད་ཐེངས་གང་མང་སེམས་གསོ་བཏང་མྱོང
 
ང་འགྲོ་ཁར  ཁྱེད་ལ་སེམས་ཁམས་དྭངས་མོ་ཞིག་བསྐྲུན་བསམ
མདང་དགོང་རྨི་ལམ་དུའང་ཁྱོད་དྲངས་འདུག་པ་རྨིས་བྱུང
ངོ་མ   རྨི་ལམ་ནི་རྨི་ལམ་ཙམ་རེད
དེ་རིང་ཞོགས་པར   ཁྱེད་སྔར་བཞིན་རབ་རིབ་མག་མོག་ན་གནས
 
མེ་འཁོར་གྱི་དུང་སྒྲ   ངས་ལག་པ
ཡོད་ཚད་ཀྱིས་གྱེས་ཕྱག་བཏང
ཡིན་ཀྱང   ཁྱེད་ལ་ཚོར་བ་ཙམ་ཡང་མི་འདུག་པ་ཅིའི་ཕྱིར
 
ལན་གྲུ   ད་མ་ཕམ་རོགས
ང་ཕྱིར་ལོག་དུས
ཕ་ཡུལ་གྱི་མལ་ས་དྲོན་པོ་ནས
རྩྭ་ཐང་གི་སྦྲ་ཁྱིམ་གཙང་མ་ནས
ངས  ཁྱེད་ལ་འཚམ་པའི
མཁའ་དབྱིངས་གཙང་མ་ཞིག་ཁྱེར་ཡོང་ལགས
                                  ༢༠༡༣   ༦   ༢༩ཉིན།
                                     མེ་འཁོར་དུ་གྲུབ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།