གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་སང་། ཚོར་བ། ལང་ཚོ།

2013-10-29 18:20:00 བིས་མདོ་བ་ཆོས་སྐྱོང་།༼དཀར་མཛེས ཀློག་གྲངས། མཆན ཡོད།

 

 

ཉི་མ་མ་ཡལ་གོང་དུ
ངས་ཟླ་བའི་མཛེས་པ་དེ
ངའི་སྒེའུ་ཁུང་ལ་འཕྲོ་མིན་དེར་སེམས་ཁུར་བྱ་མ་མྱོང

དེ་ནི་ཁ་སང་ཞེས་པའི་དཔེ་ཆ་མཐུག་པོ་ཞིག་སྟེ
ངས་སྨྱུ་གུས་རྟགས་དང་རྟགས་བཀོད་ནས་བལྟས་ཚར་མོད
བློ་ཡིད་ན་རྨ་ཁ་དང་ན་ཟུག་ཙམ་ལས
མོག་མོག་ཙམ་མོ

ཆང་གིས་མ་བཟི་བར་དུ
ཆང་ནི་འཐུང་བ་ཙམ་གྱིས
བཟི་དང་མ་བཟི་ཙམ་མོད
བཟི་སོང་ཟེར་བའི་གྲོགས་པོའི་གཏམ་དེ་གོ་ན
ཆང་འཐུང་གིན་འཐུང་གིན་བཟི་མེད་ཚོད་ཙམ

ས་མ་རུབ་གོང་དུ
འབྲོག་པ་ཞིག་གིས་ང་རང་རྒྱ་མི་ཞིག་ལ་འཁྲུལ་ནས
རྒྱ་སྐད་དང་རྒྱ་སྐད་ཀྱིས་ང་རང་དེད་སོང
དེ་ཡང་ཚོར་བ་ཞིག་སྟེ
དཀོན་མཆོག་གསུམ་ཟེར་བའི་མནའ་ཞིག་ཐུགས་ནས་ཟགས་སོང

རྨི་ལམ་མ་རྨིས་གོང་ལ
གྲོགས་པོ་ཞིག་གིས
དགའ་མ་ཟེར་བའི་ཡིག་འབྲུ་གཉིས་པོ
སྙན་ངག་གི་གཙང་བོ་ལ་ལྕེབས་སོང་བའི་གཏམ་རྒྱུད་ཅིག་ང་ལ་བཤད

རྨི་ལམ་ཡིན་ཟེར་བའི་མིག་དེ་བཙུམ་རྗེས
དགའ་མ་ཟེར་བའི་ཡིག་འབྲུ་གཉིས་པོ
གཙང་བོ་བཞིན་འཁྱིལ་ཏེ
སྙན་ངག་སྦངས་ཤིང་བཀྲུས

ལང་ཚོ་ཟེར་བ་དེ་ཡང
ལྕགས་ཐབ་ན་འབར་བའི་ཨོང་མེ་བཞིན
ཇ་དེམ་ན་འཁྱིལ་བའི་ཆུ་འཁྱག་ལ་སིར་སྒྲ་སྤྲོས་སོང

འོ་ཇ་འཐུང་ཚར་རྗེས
ཨོང་མེ་ཡང་ནག་བེ་རེ་སོང་ཚར་འདུག
ཐལ་བ་སྐྱ་རྡུལ་མ་དེ
ད་ནི་གནས་གཞན་ཞིག་ལ་མི་བྱོ་ཐུ་མེད་སོང

བསྙེས་འགྲམ་ན་བརྩིགས་པའི་དཔེ་ཆ་དག་ན
ད་ནི་ལང་ཚོ་ཟེར་བའི་ཡིག་འབྲུ་གཉིས་འཁྱིལ་འདུག

ང་ཁ་རོག་གེར་ངུ་མྱོང
སུ་ལའང་མ་བཤད་པར
དཔེ་ཀློག་གི་ཐང་སྟོང་ནས
རང་ཉིད་ལ་བལྟས་ཏེ་ངུ་མྱོང

འབྲི་མོའི་ངུ་སྐད་དེ
ང་མ་ཐོན་གོང་དུ་འཇགས་ཟིན
རྟ་ཕོའི་འཚེར་སྐད་དེ
འཕྲུལ་རྟ་ཟེར་བའི་མགྲོན་པོ་ཞིག་ལ་བརྗེས་ཚར
ཨ་ཅེ་འབྲོག་མོ་ཟེར་བའི་བུད་མེད་དེར
ང་དེ་རིང་སྲུང་མདོ་ཞིག་ནས་མཇལ་སོང
ཁོ་མོས་ཁ་སྣ་བཏུམ་ནས་ཤོམ་འགྲོ་དང་ཤོམ་འགྲོ་བྱས་ཨང

རྫི་གླུ་སྙན་མོ་ཟེར་བའི་ངག་རྟ་ཞིག
ངས་གཞས་ཚིག་ཅིག་ལ་བྲིས་ནས
ལྷས་ར་སྟོང་བ་དེར
སྐྱོ་རོགས་སུ་དཀྲོལ་བའོ
                             ༢༠༡༣  ༩   ༡༥

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།