གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོང་རྭ་ལོ།༼སྙན་ཚོམ༽

2013-10-28 14:15:00 གླིང་བུ།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

 
          ༡ འབྲོང་རྭ་ལོ།
སུག་རྗེས་ནས་སྤོབས་པའི་མེ་ཏོག་བཞད་མྱོང་བའི
རྭ་རྩེ་ནས་དཔའ་ཡི་འོད་ཟེར་འཕྲོས་མྱོང་བའི
ཡ་གིའི་རི་རྒན་སྨུག་པོ་དེའི་བདག་པོ་རྒྱག་མྱོང་བའི
མ་གིའི་གཙང་ཆུ་སྔོན་མོ་འདི་ཧུབ་ཀྱིས་འཐུང་མྱོང་བའི
 
སྦྲ་ནག་གི་ཁ་ཚབ་ནས་བརྩིགས་པའི་ལྷ་ཡུལ་གྱི་སྐས་རྡང་ལ
ཁྱོད་ཀྱི་རྣམ་ཤེས་ཀྱིས་ཡང་བསྐོར་བསྐྱར་སྐོར་བྱས
འཇིག་རྟེན་ལ་མྱུལ་བའི་ཁྱོད་ཀྱི་མིག་གིས
མཐོན་པོ་མགོ་ནས་གནོན་ཞིང་དམའ་མོ་འདབས་ནས་སྐྱོང་མྱོང
 
འབྲོང་རྭ་ལོ     རི་ཚོགས་ཀྱི་དང་ག་ནས་བརྩེས་མྱོང
 
ཟླ་འོད་ཀྱིས་ཕ་ཡུལ་གྱི་ངོ་གདོང་བྱུགས་པའི་མཚན་མོ་རེ་རེར
ངས་སྐར་ཚོགས་ཀྱི་ཁྲོད་ནས་ཁྱོད་ཀྱི་རྣམ་ཤེས་བཙལ་མྱོང
ངས་རྨི་ལམ་གྱི་རུམ་ཁ་ནས་ཁྱོད་ཀྱི་དྲོད་ཁོལ་ལ་རེག་མྱོང
                                           ༢༠༡༣   ༨    ༡༦ཉིན།
          ༢ དགེ་རྒན་དུས་ཆེན་ལ།
ཁྱོད་ཀྱིས་རང་ཉིད་རྡོ་བ་ཞིག་ལ་བརྫུས་ནས
འུ་ཅག་ལ་རྡོ་བའི་མཁར་ཞིག་བརྩིགས
མཁར་དེ་མཐོ་དྲག་པས་རྨི་ལམ་མང་བོ་ཞིག་མཁར་ནས་རུལ
རུལ་དྲི་དེས་མི་མང་བོ་ཞིག་ལ་མགོ་ཡོམ་འཁོར་དུ་བཅུག་པས
ཁུ་ཚུར་འཕྱར་དེ་ཁྱོད་ལ་ངོ་ལོག་བརྒྱབ
 
གང་ལྟར    དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ
                        ༢༠༡༣ལོའི་དགེ་རྒན་དུས་ཆེན་ལ།
 
           ༣ བསམ་ན་སྙིང་བོ་མི་འདུག
ཡིད་ཆད་ཀྱི་འཁུན་སྒྲ་ཞིག་འབྱིན་ཞོར
ཁ་རོག་གེར་ཁྱོད་ལ་ལྐོག་ལྟ་བྱེད་ཐེངས་རེར
ང་ལ་ཁྱོད་ལས་ལྷག་པ་མང་བོ་ཞིག་ཡོད
 
ཁྱོད་རང་རྒྱང་ལ་བཀྱེད་སོང་བཞིན་ཏུ
ངའི་སྙན་ངག་མ་ཡིན་པ་མང་བོ་ཞིག་གི་བརྗོད་སྙིང་ཁྱོད་ཀྱིས་ཁྱེར་སོང
བསམ་ན་སྙིང་བོ་མི་འདུག
 
         ༤   གླུ་ཡི་འགྱུར་ཁུག
ཉན་གྱིན་ཉན་གྱིན་བཟི་བར་བྱེད་པའི
ཚོར་བའི་ཀློང་གི་གླུ་སྐད་ཀྱིས
ལོ་མང་རིང་བྲལ་སོང་བའི
སྙིང་གཏམ་འཆད་ཤེས་བའི
འབྲོག་མོ་ཞིག་དྲན་ཏུ་བཅུག་མྱོང
 
དེ་ནས་བཟུང་སྟེ
ངའི་བུ་མོ་དེར་ཆུང་འདྲིས་ཞེས་བོས་ཤིང
གླུ་སྐད་དེར་ཨ་རག་ཅེས་འབོད་མྱོང
 
ཡང་ཡང་བཟི་བར་བྱེད་པའི
མ་རིག་ཟླ་མང་འགོར་བའི
བུ་མོས་འཛུམ་མདངས་གླུ་སྐད་དང་འདྲ་ཨང
འགྱུར་ཁུག་དབུས་ཀྱི་བུ་མོས
གླུ་དེའི་རྣམ་ཤེས་ང་ཡིན་ཟེར
      ༢༠༡༣  ༩  ༡༤ཉིན་གླུ་སྐད་དང་འགྲོགས་ནས།
 
          ༥  དོ་དགོང་ང་ཕ་ཡུལ་ན་ཡོད།
སྒོ་ཁྱིའི་ཟུག་སྐད་ནི་སྙན་འཇེབས་ཀྱི་རོལ་དབྱངས་ཤིག་ལ་འདྲེས
འབྲི་གཡག་གི་ངུར་སྐད་རླུང་བུས་ཁྱེར་ནས་རྒྱང་རིང་ལ་ཕྱིན
ཤུལ་དུ་ལྷག་པ་ནི་ལྷིང་འཇགས་ཀྱི་མཚན་མོ་ཞིག་ཏེ
འོད་ཟ་ཟིའི་ངོགས་ནས་སྙན་ངག་ཅི་འདོད་ལྟར་འབྲི་ཆོག
 
མཚན་མོར་སྐར་འོད་ནི་མིག་ཟུང་ཁྲི་མ་འབུམ
མི་ཡུལ་གྱི་བྱས་ཉེས་ལ་དཔྱད་ཞིབ་བྱེད་མཁན་གྱི
མཚན་མོར་ཟླ་འོད་ནི་བུ་མོའི་བཞིན་རས
ངའི་རྣམ་ཤེས་ལ་ཡང་ཡང་བསླུ་བྲིད་གཏོང་བའི་སྙན་ངག་གི་བདག་མོ
 
ཕ་ཡུལ་གྱི་མཚན་མོ་ནི་ཤིན་ཏུ་འཇམ
མཚན་མོ་འདི་ལ་ངས་སྙན་ངག་ཅི་འདོད་ལྟར་བྲིས་རྗེས
མཚན་མོ་འདི་ལ་ངས་སྙན་ངག་གང་འདོད་ལྟར་གྱེར་ཆོག
 
དོ་དགོང་ང་ཕ་ཡུལ་ན་ཡོད
ལྷིང་འཇགས་ཀྱི་རུམ་ན་སྙན་ངག་འབྲི་བཞིན་ཡོད
ཤ་ཁ་འཇམ་པའི་བུ་མོ་ཞིག་དྲན་གྱིན་ཡོད
ཕ་ཡུལ་་་ ་་་དོ་དགོང་་་  ་་་
 
          ༦  ཁེར་རྐྱང་གི་སེམས།
དུས་ཚོད་ཀྱི་ཐག་སྒྲའང་རྣ་ལ་གཟན་པའི་དུས་སུ
ངས་ཁྱོད་ཁོ་ན་བསྒུག་ཡོད
སྐར་ཆ་གཅིག      གཉིས      གསུམ་་་  ་་་་  ་་་་
སྐར་མ་གཅིག      གཉིས      གསུམ་་་  ་་་་  ་་་་
 
ཁེར་རྐྱང་གི་དུས་སུ་དུས་ཚོད་ནི་གོག་ནུར་བྱེད་པ་དང་འདྲ་བར
གཏན་ནས་འགོར་རྒྱུ་མི་འདུག
སྐར་ཆ་གཅིག       གཉིས      གསུམ་་་  ་་་་  ་་་་
སྐར་མ་གཅིག       གཉིས      གསུམ་་་  ་་་་  ་་་་
 
ངས་ཁྱོད་ཡུན་རིང་ལ་བསྒུགས་བཞག
་་་་་་་        ་་་་་་་          ་་་་་་་་་
              ༢༠༡༣  ༩  ༨གཟའ་ཉི་མ་ཞིག་ལ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།