གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཟི་བཞིན་པའི་སྙན་ངག༼ཞར་བཀོད་གཉིས་ཡོད༽

2013-10-25 15:48:00 འབའ་ཚེ་སྨྱོན།༼ཆབ་མདོ༽ ཀློག་གྲངས། མཆན ཡོད།

 

སྦི་རག་གིས་བསྐྱོད་པའི་ལུང་མཐིལ་གྱི་དར་ལྕོག་སྲབ་པོ།
དུས་རབས་ཉེར་གཅིག་གི་ཁ་ཡམ་ཁྲོད་བཞེངས་པའི་གཙུག་ལག་རྒྱ་མཚོ།
ཆང་ཕོར་རེའི་ཁ་རུ་རྒྱུག་པའི་སེམས་གཏམ་དྲོན་མོ།
སྙན་ངག་ཅིག་གི་གོས་ལྭ་མནབ་ཀྱིན།
སྐད་འཕྲིན་དང་དྲ་བའི་སྒང་ན་ཁ་དོག་གིས་འཚོ།

རིག་གནས་ཤིག་གི་གྲིབ་གཟུགས་ཀྱིས་གྲུབ་པའི་ཤོག་ལྷེ་སྐྱ་བོ།
ལམ་མདོ་ན་འཁྱིལ་བའི་བསིལ་རླུང་གིས་དེད་ནས་རྒྱུག་གིན་པའི་སྤྲིན་པའི་མགུལ་དུ་བཅངས།
ཡིད་བརྙན་ཞིག་གིས་བཞེངས་པའི་ས་མཐོའི་མྱུ་གུ་ལྗང་ཁུ།
རྨི་ལམ་གྱི་ཕྲེང་རྡོག་རེ་རེར་སྐྱ་རེངས་ཀྱི་ཁུ་བྱུག་སྔོན་མོའི་ཁུག་མར་བླུགས་རྗེས།
རྫོགས་ཚིག་ཅིག་གི་མཇུག་བྱང་ཡང་གཞི་ནས་ལྡང་བཞིན་ལ།
རྣ་བ་མང་པོའི་མིག་ཟུང་ཡང་ཤུགས་ཀྱིས་ཅེར་འདུག

སྲོལ་རྒྱུན་དང་དེང་རབས་ཀྱི་སྒྱུ་མའི་རྣང་མར་འཁོར་བའི་རླུང་བུ་ལྡོམ་པོ།
སུ་ཞིག་གི་སྙིང་ལ་ཟུག་པའི་ལྕགས་འཛེར་བཞིན་འགུལ་ཙམ་འགུལ་ཙམ་གྱིས།
སྟར་ཀའི་སྡོང་ལོའི་སྒང་ན་འཚོ་བའི་གྲོག་མའི་ཚོགས་ཀྱི་སྣུམ་ཞིང་གྲུ་བཞི།
ས་ཆེན་འདིའི་སྣ་མགོ་ན་དཔྱང་བའི་དྲིལ་ཅོང་བཞིན་སིལ་སིལ་གྲགས།
ཤེས་ལྡན་པའི་དཔུང་ཁག་གིས་གྲུབ་པའི་སྤྱོད་ཁང་དེའི་སྒོ་སྟེང་དུ་ཕོ་མོ་གཉིས་ཀྱི་རྟགས་ཤིག་རྒྱབ་སྟེ།
འགྲོ་ཆོག་ཆོག་དང་སྡད་ཆོག་ཆོག་གི་འཕྲིན་པ་ཞིག་ཀྱང་མཁའ་ན་འཕུར་གྱིན་ལ།
རླུང་བུའི་བརྒྱུད་ཕྱོགས་ཤིག་གི་ཁ་དོག་ལས་རང་ལ་ཚོན་མདངས་ཀྱིས་སྤྲས་ཏེ།
སུ་ཞིག་གི་མཐོང་ལམ་གྱི་རློམ་ཆོག་ཆོག་གི་གབ་ཚིག་ཅིག་གིས་ཡོངས་སུ་སྒྲིབ།

འགལ་འདུའི་སྣེ་མོ་ན་འཚོ་བའི་ཆ་ཤས་དག བསིལ་རླུང་འཇམ་པོ་ཞིག་གིས་གང་སར་སྤྲུགས་ཤིང་།
འཇམ་རྩུབ་ཀྱིས་གྲུབ་པའི་སྲང་མདོ་ན་ཀུ་རིང་ཞིག་གི་མཛད་སྤྱོད་ལ་དོགས་པའི་ཨུ་ཚུགས་ཀྱིས་ཁ་ལོ་བསྒྱུར།
ཡང་སྙིང་དང་ཡང་སྙིང་སློག་བཞིན་རྩད་བསྡུར་གྱི་མཐའ་མར་ཁྱོད་རང་དངོས་གནས་བཞུད་ངེས།

ལོ་རྒྱུས་ལ་ཁ་མིག་དང་ལོ་རྒྱུས་ལ་སེམས་པ་ཡོད་ཕྱིར།
ཕྱི་རུ་སྐྱུག་བཞིན་པ་ནི་ཁྱོད་ཀྱི་དོན་ལྔ་སྣོད་དྲུག་རེད་ལ།
ད་ལྟ་རྔུབ་བཞིན་པའང་སུ་ཞིག་གི་ཤ་ཁྲག་གི་མཆོད་རྐོང་རེ་རེ་ཡིན།
རྒྱལ་མོ་དངུལ་ཆུ་བཞུར་ཤུལ་གྱི་རྡོ་འཁྱག་འགས་ཀྱང་།
རྒྱལ་མོ་དངུལ་ཆུའི་འཇམ་རྩུབ་ཀྱི་རླངས་པ་གླེང་གི་འདུག
                              ༢༠༡༣ ༧ ༡༠ཉིན་ལྷོ་རོང་དུ་གྲུབ།

             སྐར་མདའ།

སྲིད་པ་ཆགས་པ་ནས། ངའི་བྲང་གཞུང་དུ།
སྐར་མདའ་ཞིག  ཕྱོགས་མེད་དུ་འཁྱམས་སོང་།

ཨ་ཕས་མིད་ཀྱིན་པའི་གཏམ་རྒྱུད་སྨུག་པོ་དེའི་ཁ་དོག་ལས།
མི་བུ་ཞིག་གི་ལས་དོན་གྱི་གཞི་མ་སྟེ།
ཁ་སང་རྩྭ་ཐང་ན་འཚོ་བའི་སྤྱང་ཀི་གང་དེའི་རྐང་རྗེས་ཡིན་སྐད།

ཁ་དོག་གིས་འཚོས་པའི་གཏམ་རྒྱུད་ཅིག་གི་སྐྱེལ་མ་བསམ་ཚེ།
ངས་ནམ་རྒྱུན་སྦྲ་ནག་གི་ཁ་ཚུབ་ལས།
སྐར་མདའ་གང་དེའི་བརྒྱུད་ཕྱོགས་ལ་ཅེར་ནས།
སེམས་ཀྱི་རྨ་ཁ་ཡོད་ཚད་རྨོངས་པས་སྒྲིབ་ཡོད།

ཨ་ཕས། གླེང་ཞོར་དུ།
སྐར་མདའ་གང་དེའི་གོམ་སྒྲ་དང་ལྗིད་ཏིག་གི་སེམས་སྒྲ
རླུང་ལྟར་འཕྱོ་བའི་སྐྲ་ལོ་ཡི་གྲངས་ཀ་མིད་བྱུང་།
གྲངས་ཀའི་གསེབ་དུ་གཏམ་རྒྱུད་ཅིག་གིས་རྐྱང་བྲོ་འཁྲབ་བཞིན།
སེམས་པ་ཕྱི་རུ་བྱོ་བཞིན་གདའ།

ངས་ཀྱང་སེམས་པ་མིད་ཀྱིན།
སྐར་མདའ་གང་དེའི་ཡང་སྙིང་ཕྱི་རུ་སྐྱུག་བཞིན་ཡོད།
                ༢༠༡༢ ༥ ༢༩

             ངས་ཕ་ཡུལ་ན་ལོ་སར་ལ་རོལ་བཞིན་ཡོད།
དེ་རིང་ནི་རྒྱ་ལོའི་ཚེ་གཅིག་རེད་ལ།   ཁོ་བོས་ཀྱང་ཕ་ཡུལ་ན་ལོ་སར་ལ་རོལ་བཞིན་ཡོད།
ཁོ་བོས་འཇིག་རྟེན་འདིར་ངོས་འཛིན་ཐུབ་པ་ནས། ཡུལ་མི་ཚོས་དུས་ཆེན་འདིར་རོལ་བཞིན་ལ།
འགའ་ཞིག་གིས་གཞན་རིགས་ཀྱི་དུས་ཆེན་ཞིག་ཏུ་སེམས་ཤིང་།
ཨ་ཕས་ཀྱང་སྨིན་མ་ཐོད་པར་བསྡུས་ཏེ་ཅི་ཡང་མི་སྨྲ་བར་ཨམ་གཙིགས་བསྡམས་བྱུང་།
སྨྲ་བ་བརྒྱ་ཕྲག་གི་མིད་པ་རུ་ཁེགས་པའི་མདུད་བརྒྱའི་ཡང་སྙིང་ཅི་ཞིག་ཡིན་པ་ལ།
ཁོ་བོས་ཀྱང་ཅི་མི་སྙམ་པར་བསྐྱུར་དགོས་བྱུང་བ་ལས།
སེམས་ཁོང་གི་མདུད་བརྒྱའི་སྨྲ་བ་ཡོད་ཚད་ཀྱི་གོ་དོན་ཅི་ཞིག་ཡིན་པའི་བློ་སྤོབས་དེ་ཁོ་བོར་ཇི་ལྟར་སྐྱེས་ཨང་།

ཡོད་ཚོད་ཀྱི་ཡོད་ཚད་ལ་ལས་དབང་གིས་ཁ་ལོ་བསྒྱུར་བའི་རབ་རིབ་ཀྱི་དུས་རབས་འདིར།
ངའི་ཕ་ཡལ་གྱིས་དུས་ཆེན་འདི་ལ་རོལ་ཞིང་།   དུས་ཆེན་འདི་གཅེས་སུ་འཛིན་བཞིན་ཡོད།
གང་ལྟར།ངས་ཕ་ཡུལ་གྱི་གཞིས་ཁྱིམ་དྲོན་མོར་དེ་རིང་གི་དུས་ཆེན་འདི་ལ་རོལ་བཞིན་ཡོད།

ལོ་རྒྱུས་ཡིག་ཚགས་ཀྱི་བར་གསེང་ན་འཁོར་བའི་བྲག་ཆ་དེས།   ང་ཡང་།
གཞན་རིགས་དང་འདྲ་བའི་སྐྱེས་ཆེན་ཞིག་གི་གདུང་རྒྱུད་དང་བཙན་པོའི་རྒྱལ་རབས་ཀྱི་གདུང་རབས་མངའ་ཞིང་།
དཔའ་མཛངས་ཀྱིས་ཕྱུག་པའི་མི་རིགས་ཤིག་ཏུ་སེམས་ལ།
ཁོ་བོར་ཡང་།  མཐོང་ལམ་ན་མཆིས་པའི་འཇིག་རྟེན་འདིར།
མི་རིགས་ཞེས་པའི་ཐ་སྙད་འདིའི་ཡང་སྙིང་གི་བདེན་པའི་གོ་དོན།
དེའི་ཕུགས་སུ་འཚང་བའི་དྲན་པའི་དན་རྟགས་ཀྱི་ཚུལ་འཆོས་ཅི་ཡང་མེད།
ཅི་ཡང་མེད་པས།   འོ་ཇ་མངར་མོ་ཧུབ་གང་གི་རམ་འདེགས་དེས།  
ཁོ་བོ།    ཡང་བསྐྱར་རྒྱང་རིང་གི་རྒྱང་རིང་མ་ཡིན་དེར་གདོང་ཁ་ཕྱོགས་ཏེ།
གོམས་སྟབས་བསྒྱུར་དགོས་བྱུང་སོང་།
གང་ལྟར།ངས་ཕ་ཡུལ་གྱི་གཞིས་ཁྱིམ་དྲོན་མོར་དེ་རིང་གི་དུས་ཆེན་འདི་ལ་རོལ་བཞིན་ཡོད།
                 2011/2/3ཉིན་འབའ་གཞུང་དུ།
     ངོ་སྤྲོད་མདོར་བསྡུས། དངོས་མིང་ལ་ཚེ་བརྟན་རྡོ་རྗེ་དང་སྨྱུག་མིང་ལ་འབའ་ཚེ་སྨྱོན་ཟེར། ཕ་ཡུལ་མཚོ་སྔོན་མཚོ་ལྷོ་ནས་ཡིན་ལ། ༢༠༡༢ལོར་བོད་ལྗོངས་སློབ་ཆེན་དུ་སློབ་གསོ་ཤེས་རམས་པའི་མིང་རྟགས་ཙམ་བླངས་ཏེ་སློབ་མཐར་ཕྱིན་ཁུལ་གྱིས་ད་ལྟ་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་རྫོང་ཞིག་ཏུ་བྱ་བ་བགྱི་ཙམ་བྱེད་བཞིན་དང་། རྩོམ་རིག་བུ་མོའི་བསླུ་བྲིད་ཀྱིས་དེ་རིང་སྙན་ངག་གི་གཡུལ་སར་ཧོབ་ཀྱིས་རྒྱུག་གིན་པའི་སྨྱོན་པ་ཤ་སྟག་དེ་ཡིན།

 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།