གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་ནུབ། ང་ཁྱུང་མཆུ་ན་ཡོད།

2013-09-30 13:31:00 ཁྲག་རྗེས།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

 

 

དོ་ནུབ  ང་རང་ཁྱུང་མཆུ་ན་ཡོད
ཁྱུང་མཆུའི་རླུང་དམར་གྱི་བཙན་གཡེམ
ངའི་སྐྱོ་གདུང་གི་རྨ་ཁ་ལ་ཕོག་ནས
ལོ་རྒྱུས་ལ་ཕྱིར་དྲན་ཐེངས་གཅིག་བྱས་ན
ཁྱུང་མཆུ་སྔ་མོ་ནས་འཕུར་ཟིན
ང་ཁྱུང་མཆུ་འཕུར་ཤུལ་གྱི
གཟུགས་མེད་ཀྱི་ལྕགས་ཁྲབ་ནང་དུ་ཡོད
 
དོ་ནུབ  ང་རང་ཁྱུང་མཆུ་ན་ཡོད
ཁྱུང་མཆུ་ན་སྐད་གསང་མཐོན་པོའི་
ཀི་རིང་ཞིག་འདེབས་ས་མེད
ཁྱུང་མཆུ་ན་རྟ་ཕོའི་རྨིག་སྒྲ
ནོར་ནག་གི་ངུར་སྒྲ་དང
གཡང་དཀར་ལུག་གིས་འབའ་སྒྲ
དེ་དག་གཅིག་ཀྱང་ཐོས་ཀྱིན་མེད
 
མཚན་གྱི་དུས་སུ
སྐྱོ་བའི་གྲུ་ཆུང་སྙིང་ལ་ཕོག་ནས
ངས་འབྲི་འདོད་པའི་ཁྱུང་མཆུ
ཁབ་རྩེ་ལས་ཕྲ་བའི་སྨྱུག་རྩེ་ལས་བཞུར་མ་ཐུབ
ངས་བརྗོད་འདོད་པའི་ཁྱུང་མཆུའི་ལོ་རྒྱུས་མགྲིན་པ་ནས་ལུས་ཤིང
ངའི་མིག་ཆུ  མཁུར་ཚོས་ཀྱི་རི་སྒང་ཉུལ་ནས
ཚོར་སྣང་གི་གཤོག་པ་སྦངས་སོང
 
དེ་རིང  ང་རང་ཁྱུང་མཆུ་འཕུར་ཤུལ་ན་ཡོད
ང་ཚོའི་ཕ་མེས་ཡང་མེས་ཚོས
བློ་རིག་གི་ཉིང་བཅུད་ལས་བཏགས་པའི་ཁྱུང་མཆུ
དེ་རིང  ‘ཧོང་ཡོན’ཞེས་པའི་མིང་བྱང་ཞིག་ཏུ་འགྱུར་འདུག
ངའི་ཁྱུང་མཆུ་ནས  ཁྱུང་མཆུ་གླེང་དུས
ཁྱུང་མཆུ་ངོས་མི་ཟིན་པའི་མིང་བྱང་ཞིག་ཏུ་གྱུར་འདུག
ཁྱུང་མཆུ་བསྔོ་ཡིག་ཞིག་ཏུ་འགྱུར་འདུག
ཁྱུང་མཆུ་མིང་མི་ཤེས་པའི་དུར་ས་ཞིག་ཏུ་གྱུར་འདུག
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།