གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་གྲོང་གི་ཞོགས་གླུ།

2013-09-23 18:55:00 གླིང་བུ།༼མཚོ་ལྷོ༽ ཀློག་གྲངས། མཆན ཡོད།

        ---------དཔལ་དོན་གྲུབ་རྒྱལ་རྗེས་སུ་དྲན་པ།

རྒྱང་རིང་གི་མི་རྣམས་སྔར་བཞིན་རྒྱང་རིང་ལ་བུད་སོང
ཁྱོད་ཁོ་ནས་ཁེར་རྐྱང་གི་ལམ་སྣེ་བསྲུངས་ཏེ
རྡོག་འོག་གི་ས་གཞི་ཇི་ལྟར་འགུལ་བར་མིག་ཟུང་བགྲད་ཀྱང
ཁྱོད་ཀྱི་མིག་ཟུང་མུན་པའི་ཟབ་སར་ལྷུང    མུན་པའི་ཟབ་སར་ལྷུང

གྲེ་བ་བསལ་ནས་གླུ་ཞིག་བླངས་ནའང
རྒྱང་རིང་ནི་སྔར་བཞིན་རྒྱང་རིང་སྟེ
རྒྱང་རིང་གི་མི་རྣམས་ནི
གྲལ་འགུལ་མེད་པའི་རྒས་འཁོགས་ཀྱི་རི་རབ་དེའོ

སྦྲ་ནག་གི་མིག་ཟུང་བར་ནས
མནོ་བསམ་གྱི་གཤོག་པ་རྒྱང་ལ་བྱེར་ཐེངས་རེར
ཁྱོད་ཀྱི་ཁེར་རྐྱང་གི་རི་བོ           ཁེར་རྐྱང་གི་རྩྭ་ཐང
ཁེར་རྐྱང་གི་ནམ་མཁའ            ཁེར་རྐྱང་གི་ས་གཞི
ཁེར་རྐྱང་གི་མཚན་མོ་འདི་ཇི་འདྲའི་རིང་ཨང

ས་ཆེན་པོའི་སྙིང་ག་རུ་ཁྱོད་རང་རི་རབ་བཞིན་སྐྱེས་མོད
ས་སྲོད་ཅིག་ལ་ཁྱོད་ཀྱང་མག་མོག་ཏུ་གྱུར་རྗེས
མུན་པར་“སེམས་པ་གླན་ན
དུག་གི་ཚེར་མ་ང་ཡི་སྙིང་གསེབ་ལ་བརྡབས་འོངས“

གངས་རི་འདི་ཁྱོད་ཀྱི་མགོ་བོ་མིན་ཏེ
ཁྱོད་ནི་གངས་རིའི་མགོ་བོ་ཡིན
ཆུ་མོ་འདི་ཁྱོད་ཀྱི་མིག་ཆུ་མིན་ཏེ
ཁྱོད་ནི་ཆུ་མོའི་མིག་ཆུ་ཡིན

ཁྱོད་སྔར་ནས་བཞུད་ཟིན
སྒོ་དང་སྒེའུ་ཁུང་ལས་བལྟས་ཚེ
ཁྱོད་ཀྱི་དོན་ལྔ་སྣོད་དྲུག་དག
ད་དུང་ཁ་བའི་ཁྲོད་ན་གོར་མ་རུ་གྲུབ་འདུག
       ༢༠༡༢ལོའི་སྤྱི་ཟླ་༡༡པའི་ཚེས་༢༣ཉིན་ཁྲི་ཀ་ནས།

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།