གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྲག་གཞོང་།

2013-09-13 16:36:00 གད་རྒྱངས། ཀློག་གྲངས། མཆན ཡོད།
འུ་ཐུག་གི་སེམས་རྩ་ན
དགའ་སྡུག་གིས་འཁྱིལ་བའི་རང་སེམས
ཆང་ཁང་ན་སྡུག་གླུ་ལེན་པའི་བཟི་བོ་ཞིག

དཀར་འོད་མེད་པའི་གྲུ་ཟུར་ན
མུན་པ་ཧུབ་ཀྱིས་འཐུང་མཁན་ཚོས
བརྗོད་དོན་མི་གསལ་བའི་དྲི་བ་འགའ་བྲང་གཞོང་ལ་ཕབ
 
རེ་བའི་མེ་ཏོག་འཐུ་བའི་རྣམ་ཤེས་གསར་བ་ཁྱུ་གཅིག
གྲོང་ཁྱེར་གྱི་མི་ཚོགས་དང་དུག་རླངས་ཁྲོད་ན་གདུངས་བས་གཟིར
ཚུལ་འཁྱོས་ཀྱིས་བྱུགས་པའི་ངོ་གདོང་དེས་སྡུག་ལ་སྦྱར་ཐེངས་རེ་རེར
སེམས་ཀྱི་མེ་ལོང་ངོས་སུ་འཆར་བའི་མདུན་ལྗོངས་དུག་ཚེར་གྱིས་སྒྲིབ
 
ཕ་མས་ང་ལ་ཤེལ་གྱི་མཆོད་རྟེན་ཞིག་རུམ་ལ་བཅུག
མེས་པོས་ང་ལ་གསེར་གྱི་གཞོང་བ་ཞིག་ལག་ཏུ་སྤྲད
ལྗིད་ཏིག་ཏིག་གི་སེམས་རྩ་ན
གཞོན་ནུ་མའི་སྨྱོས་བུམ་བཞིན་སྨིན་དུས
ལག་པས་འགྲམ་རུས་སྐྱོར་བཞིན་མགོ་བོ་མཁའ་ནས་དཔྱངས
 
དེ་རིང་མུན་དོང་ན་སྡུག་འབོད་བྱེད་པའི་དྭ་ཕྲུག་ཚོ
གདོང་འབག་གྱོན་མཁན་ཚོས་གཡོ་འོབ་ན་གཙིར་དུས
དམ་ཚིག་གིས་བརྩེངས་བའི་སེམས་ཀྱི་མཆོད་རྟེན
ལོ་རྒྱུས་ཀྱིས་བསྐྲུན་པའི་གསེར་གྱི་གཞོང་བ་
ངའི་སེམས་རྩ་ན་སྔར་ལས་འོད་དུ་འཚེར་འདུག
                                          2013.7.14 ཟི་ལིང་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།