གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་མི་འབྲི་བའི་རྒྱུ་མཚན།

2013-08-27 15:57:00 དྲང་སྲུང་།༼ལྷ་ས༽ ཀློག་གྲངས། མཆན ཡོད།

 

 

གྲོགས་པོ་ལགས་
ཁྱེད་ཀྱིས་ངས་སྙན་ངག་མ་བྲིས་པར་འཁང་ར་མ་བྱེད
ང་སྙན་ངག་མི་འབྲི་བར་རྒྱུ་མཚན་འདུག
 
གྲོགས་པོ་ལགས
ཁྱེད་ཀྱིས་ང་ལ་གུ་ཡངས་བཏང་ནས
རིགས་ཀྱི་འགན་འཁྲི་འདི་ང་ལ་མ་གཡུགས
མི་རིགས་ཀྱི་ཁ་གཡང་སྒྲོགས་ནས
མིག་མདུན་གྱི་ངོ་གསོ་སྲུང་མཁན་དེར
ངས་མི་ཡུལ་ནས་མཐོང་ཆུང་བྱས
 
མི་ཡུལ་དུ་ཡོད་དགོས་པ་མང་དག་ཅིག་དམིགས་མེད་དུ་སོང་ཞིང
མི་ཡུལ་དུ་མེད་དགོས་པ་མང་དག་ཅིག་འཚར་ལོངས་བྱས་པས
ངོ་མི་ཤེས་པའི་མི་ཡུལ་དུ་ཁ་གཏད་ནས་
རང་ངོ་མི་ཤེས་པའི་ངས་སྙན་ངག་མ་བྲིས
 
འཁོར་བ་ནས་
བཅོས་མ་དེར་སྨྱུག་རྩེ་་གཏད་ཀྱང
རྫུན་མ་ཁོས་སྙན་ངག་བྲིས་པས
ངས་གང་འབྲི      ངས་སུ་འབྲི
ཉིན་འདི་ཚོར་འུག་པས་སྙན་ངག་བྲིས
ཁ་ཏས་སྙན་ངག་བྲིས
སྐྱུང་ཀས་སྙན་ངག་བྲིས
སྲིན་བྱས་བྲིས    ནེ་ཙོས་བྲིས
དེ་དང་དེ་དག་གི་སྙན་ངག་འབྲི་བའི་རྒྱུ་མཚན་དེ
ང་སྙན་ངག་མི་འབྲི་བའི་རྒྱུ་མཚན་ཡིན
 
བསོད་ནམས་ཟད་པའི་ལག་ཟུང་ནས་
ཀ་མད་སུམ་ཅུའི་བཅུད་ཡལ
བཅུ་ཕྲག་ནོར་བུའི་གཡང་ཤོར
ཨ་ཕའི་སློག་པ་རྙིང་ཚར
ཨ་མའི་ཇ་ཕོར་གྱི་དྲོད་ཡལ
་་་་་་   ་་་་་་
མེས་པོའི་ངོ་གསོ་ཆུ་ལ་བསྐྱུར་ནས
གད་སྙིགས་སྒྲུག་མཁན་ང་ཚོ་ལ་བསམས་ཤིང
ངས་བདག་པོ་མེད་པའི་སྙན་ངག་མ་བྲིས
 
ངའི་སྙན་ངག་
ངའི་རྣག་ཁྲག་ལས་གྲུབ་པའི་རི་མོ་ཡིན
ངའི་རྣམ་ཤེས་ལས་མཆེད་པའིའོད་སྣང་ཡིན
 
ངའི་སྙན་ངག     ངའི་སྙན་ངག་དེ
རྣ་རྒྱབ་ཀྱི་རླུང་བུ་དེ་མིན་པས
ཆུ་ནང་དུ་རྟུག་དྲི་བཏང་མཁན་དེ་ངས་མ་བྱས
 
གྲོགས་པོ་ལགས
ངས་སྙན་ངག་མ་འབྲི་བའི་རྒྱུ་མཚན་དེ
སྙན་ངག་ལམ་ནས་བྲིས་འདུག་མ་ཟེར
ང་སྙན་ངག་མི་འབྲི་བའི་རྒྱུ་མཚན་དེ
ང་སྙན་ངག་འབྲི་དགོས་པའི་རྒྱུ་མཚན་རེད་མ་ཟེར
གྲོགས་པོ་ལགས།
                                          ༢༠༡༣ལོའི་ཟླ་བ༦པའི་ཚེས༢༥ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།