གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་བྱུང་།

2013-08-22 16:31:00 བུམ་པ་རྒྱལ།༼ཉི་ཧོང༽ ཀློག་གྲངས། མཆན ཡོད།

 

དོ་ནུབ  ང་རང་འཇིག་རྟེན་འདིའི་ཆེས་མཐོ་ས་ན་འགྲེང་ཡོད
ཁང་བརྩེགས་འཚང་ཁ་ཤིག་ཤིག་བྱེད་སའི་གྲོང་ཁྱེར་ཟེར་བ་དེ་ན་ཡོད
དོ་ནུབ་ཀྱི་ཟླ་བ་གོར་གོར་རེད
ཟླ་འོད་ཀྱིས་གྲོང་ཁྱེར་འདིའི་ནམ་མཁའ་གཤེར་འདུག
ཟླ་འོད་ཀྱིས་ས་གཞི་འདིའི་མུན་པ་བཅུམ་འདུག

དོ་ནུབ ངས་མོ་རང་དྲན་བྱུང

ངས་མོ་རང་ལ་མདང་དགོང་མོ་ངའི་རྨི་ལམ་དུ་འཁོར་བ་བཤད་འདོད
སྐུད་མེད་གློག་གི་རྦ་རླབས་ངོས་སུ
ངས་ཁོ་མོ་ལ་ངའི་"རྨི་ལམ་"དུ་ཁོ་མོ་ནམ་ཡང་འཛུམ་གྱིན་ཡོད་པ་བཤད་མྱོང
ཡིན་ནའང  མོ་དེར་གཏན་ནས་ཡིད་མི་ཆེས
དོ་ནུབ་ངས་ཅིས་ཀྱང་
ངས་བཤད་འདོད་པའི་སྐད་ཆ་དེ
མཁའ་ན་འཚེར་བའི་སྐར་མ་ཞིག་ལ་བསྐུར་འདོད
ངས་རྣམ་རིག་སྒྲིམ་ནས་མཁའ་ལ་ལྟ་དུས
མཁའ་དབྱིངས་སུ་སྐར་མ་མི་འདུག
མ་རེད  ངས་སྐར་མ་མཐོང་མ་སོང
སྐར་མ་ཡང་གཉིད་དུ་ཡུར་སོང་བ་འདྲ
ངས་ཕྲ་མཐོང་རྒྱང་ཤེལ་ལས་ལྟ་དུས
མཐོང་ལམ་ནས་སྐར་མ་མངོན་བྱུང
ངས་སྐར་མ་དེར་ཞིབ་ཏུ་ལྟ་དུས
དེ་ནི་བྲོས་བྱོལ་བ་ཞིག་དང་འདྲ
མ་གཞི་དེ་ནི་མིས་བཟོས་འཁོར་སྐར་ཞིག་ཡིན་འདུག
དེ་ལ་བློ་གཏད་བྱེད་མི་ནུས
དེས་ངེད་གཉིས་ཀྱི་སྙིང་གཏམ་དེ་ཕྱི་ལ་འཆོར་དུ་འཇུག་སྲིད
ངས་སྙིང་གཏམ་འདི་ཟླ་འོད་ལ་བསྐུར་དགོས
ཟླ་འོད་ཀྱིས་ངེད་གཉིས་ཀའི་བར་སྣང་ཆུང་ཆུང་འདི་དཀར་འོད་ཀྱིས་གཅིག་ཏུ་སྦྲེལ་ཡོད
གློ་བུར་དུ། སྤྲིན་པ་ལེབ་མོ་ཞིག་གིས་ཟླ་བའི་ཕྱེད་ཀ་བཟས་སོང
རིམ་བཞིན་ཟླ་བའི་ཡོད་ཚད་བཟའ་འགྲོ
ངས་རླུང་ཆེན་པོ་ཞིག་གཡུགས་སྟེ
སྤྲིན་པ་དེ་ཕར་ལ་ཁུར་འགྲོ་ན་ཅི་མ་རུང་བསམ
ངས་སྤྲིན་པ་དེར་སྡིགས་མོ་ཡང་ཡང་བྱས་ཀྱང་
སྤྲིན་པ་དེས་ང་ལ་སེམས་པ་གནག་ནས་ཕར་འགྲོ་མ་སོང
ང་འུ་ཐུག་ནས་ས་གཞི་ལ་ལྟ་དུས
ས་གཞི་སྔར་བཞིན་གསལ་ལྷང་ངེར་འདུག
གྲོང་ཁྱེར་འདིའི་མཁའ་དབྱིངས་སུ
མ་གཞི་ཟླ་འོད་ནི་མུན་པ་བཅུམ་པའི་བྱེད་པོ་དེ་ཡིན་མི་འདུག
ཨ་ཁ་ཁ། ངེད་གཉིས་ཀྱི་སེམས་པ་གཅིག་ལ་མདུད་ཐུབ་མི་འདུག
ང་ཡི་ནམ་མཁའ་གློག་འོད་ཀྱིས་གཤེར་འདུག
ཁྱོད་ཀྱི་ནམ་མཁའ་ཟླ་འོད་ཀྱིས་གཤེར་འདུག
ངས་ཁྱེད་ཀྱི་ནམ་མཁར་གློག་སྒྲོན་ཞིག་བཏེགས་ནས་གསལ་ལྷང་ངེར་གཏང་ཐུབ་མོད།
ཁྱོད་ཀྱིས་ངའི་ནམ་མཁར་ཟླ་འོད་ཀྱིས་གཤེར་དུ་འཇུག་གཏན་ནས་མི་ཐུབ།
ངས་དོ་ནུབ་རང་ཉིད་འཇིག་རྟེན་འདིའི་ཆེས་མཐོ་ས་ན་ཡོད་བསམ་སོང
མ་གཞི་ང་ནི་གྲོང་ཁྱེར་འདིའི་ཆེས་མཐོ་ཤོས་ཀྱི་ལྕགས་ཀྱི་མཆོད་རྟེན་ཞིག་གི་རྩེ་ན་ཡོད་འདུག

དོ་ནུབ ངས་ཕ་ཡུལ་དྲན་སོང
དོ་ནུབ ངས་མོ་རང་དྲན་བྱུང
ངས་འཇིག་རྟེན་འདིའི་ཆེས་མཐོ་ས་ནས་
ཟླ་འོད་བསིལ་བསིལ་ཁྲོད་ཀྱི་རི་སྒང་ཞིག་ལ་སྔས་བཅས་སྟེ
ཁྱོད་ལ་འཁྲེང་བའི་སེམས་པ་དེ་
འཁྱག་ཏུ་མ་བཅུག་པར
རླུང་བུ་འཇམ་པོ་ཞིག་གི་ཁུད་དུ་བཅུད་ནས
ཁྱོད་ཀྱི་ཕྱོགས་སུ་ཡང་ཡང་བསྐུར་འདོད
ཁྱོད་ཀྱི་ཕྱོགས་སུ་ཡང་ཡང་བལྟ་འདོད

                    2013.8.20མཚན་མོ།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།