གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩེད་ཆུ་ངུ་བཞིན་འདུག

2013-08-18 12:23:00 ནག་ལྡོང་འཁྱམས་པོ། ཀློག་གྲངས། མཆན ཡོད།

 

གྲོད་པ་ཆེ་བའི་སྲིན་བུ་ཁྲི་ཕྲག   གང་ཞིག་ནས་ཤུད་འོངས་ཏེ
ངའི་རི་ལུང་མལ་སྟན་བྱེད་དུས  སྐད་སྒྲ་ཀྱུ་ཀྱུར་གྱིས་མགྲིན་པ་བརྣངས་ཤིང
རྡོ་བའི་གས་སྲུབས་དང་སྤོ་ཁང་འགྱེལ་ས་ན
གཉིད་ལྕོག་རྒྱག་པའི་བྱེའུ་ཚོགས་དེ་ཚོ་སྙིང་རྗེ་ཨང་

སྟོང་བའི་དབྱིངས་སུ་དཔྱངས་བའི་དགུ་ཚིགས་ཀྱི་རལ་བ་སྔོན་པོ
སྐར་མའི་མིག་ལྕིབས་ལས་འཚེར་བའི་འོད་དཀར་གྱི་ཟེགས་མ་ཕྲ་མོ
རྐང་གླིང་ནག་པོའི་སྦུབས་སུ་མཆེད་པའི་དབྱངས་ཀྱི་ང་རོ་མཐོན་པོ
འདི་ལྟར་ཁ་དོག་འབར་ཞིང་ཟེགས་མ་གཏོར
ང་རོ་སྒྲོགས་ཤིང་བང་རྒྱུགས་བྱེད་པའི་རྩེ་ཆུ་རིང་མོ   བར་སྐབས་ཤིག་ཏུ 
ངས་ཕྱི་རོལ་གྱི་མཚན་མོའི་ངོགས་སུ་ངུ་བ་ཐོས་བྱུང  
 
མིའི་ཁ་ལུད་དང་ལྗན་ལྗིན་གྱི་འཕྲོ་རུ
སྲང་མདོའི་མི་ཚོགས་ཀྱི་ཁ་རླངས་དང་རྣ་བ་འགེང་བའི་སྒྲ་དབྱངས་འདི་ཡང་གད་སྙིགས་རེད
མཁྲེགས་འཛིན་དང་ཕྱོགས་ལྷུང་གི་འཕྲོ་རུ      ངོ་གདོང་བོར་བའི་ལྐོག་ལས་དེ་ཡང་མུན་པ་རེད
ལོ་ངོ་སྟོང་ཕྲག་གི་རྒྱབ་ལྗོངས་ནས་དྭངས་གཙང་གིས་རྒྱུ་བའི་རྩེ་ཆུ་རིང་མོའི་བྲང་ཁར
འདི་དག་གི་ར་རི་བབས་ཤིང    འདི་དག་གི་གྲིབ་མས་ཡང་ཡང་འགོམ་པས
བར་སྐབས་ཤིག་ཏུ    ངས་རྩེ་ཆུ་རིང་མོ་ངུ་བ་ཐོས་བྱུང
 
ཡོད་ཚད་གཉིད་དུ་ཡར་བའི་མཚན་མོ་རེ་རེར
ཟླ་བ་གཞོན་ནུའི་འཛུམ་བག་ལ་ཆེ་རུ་སྲེད་པའི་རྩེ་ཆུ་རིང་མོ
ལོ་མས་གཡུགས་ཟིན་པའི་སྡོང་རྒན་དག་གི་བསྐོས་ཐང་ལ་སེམས་ཁུར་བྱེད་དུས
ངས་ཁྱོད་ལ་སེམས་མཚོན་གྱི་རི་མོ་ཆ་གཅིག་བྲིས་མྱོང་ཡོད་ལ
ངས་རང་གི་ངོ་གདོང་ན་ནགས་ལྟར་འཛིངས་བའི་སྨྲ་ར་བཞར་ཏེ
ཁྱོད་ཀྱི་ལང་ཚོར་བྱིལ་བྱིལ་བཏང་མྱོང་ཡོད
 
གཙང་བོ་དག་གི་ལུས་ཀྱིས་བོར་ཞིང      བྱེ་མའི་རླབས་རྩེར་འདྲེ་ལོག་རྒྱག་པའི 
ཉ་མོ་གཅེར་བུ་དེ་ཚོའི་སྐྱིད་སྡུག་རྨི་ལམ་ལ་ཐོགས་པའི་རྩེ་ཆུ་རིང་མོ
ནམ་ཡང་ལོ་རྒྱུས་གཟན་པོ་དག་གི་ཆག་གྲུམ་ལ་བཟོད་བསྲན་ཐུབ་པའི་སྐྱེས་བུ་དེ་བཞིན
རུས་རྐང་ལ་གཟེར་བུ་བཏབ་ཀྱང་འཁུན་སྒྲ་མེད་པའི་དཔའ་རྒོད་དེ་བཞིན
ལོ་ཟླ་མང་པོའི་རུམ་ཁ་ནས   ནམ་ཟླའི་དྲོ་གྲང་དང་དུས་ཀྱི་འཕོ་འགྱུར་རྒྱབ་ཏུ་དེད་མོད
བར་སྐབས་ཤིག་ཏུ    རྩེ་ཆུ་རིང་མོས་རང་གི་ལང་ཚོར་མིག་ཆུ་བསྲེལ་བའི་ངུ་སྐད་ཐོས་བྱུང
        ༢༠༡༣   ༥     

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།