གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་སྐྱིད་ཀྱི་སྙན་ངག་གསར་བ། རྨ་ཁ།

2014-10-18 23:15:00 ཚེ་རིང་སྐྱིད།༼ཨ་རི ༽ ཀློག་གྲངས། མཆན ཡོད།

 

མེ་ཏོག་རྙིད་ཅིང་ཁ་བ་བབས་སོང་། 
ཉི་མ་ཤར་ཞིང་ཆར་བ་བབས་བྱུང་། 
མེ་ཏོག་བསྐྱར་དུ་ཞལ་ཁ་ཕྱེ་རྗེས་སྡོང་ལོའི་ཁ་དོག་བརྗེས་སོང་།
ལོ་མ་ག་ལེར་ས་རུ་ཟགས་བྱུང་།
ལོ་མ་ག་ལེར་རླུང་གིས་འདེད་པའི་ནམ་ཟླ་འདིར།
ངས་གཞི་ནས་རྒུན་ཆང་མ་འཐུང་བར་ལོ་གཅིག་ཕྱིན་པ་ཚོར་བྱུང་།
གཏམ་རྒྱུད་ཅིག་ཡིད་ནས་སྒུལ་མ་འདོད་པས།
རང་གི་སེམས་སྒྲར་མ་ཉན་པར་ཡུན་རིང་ཕྱིན་སོང་། 
ང་ཧ་ཅང་སྐྲག་པ་ནི་རང་གི་སེམས་ལ་བལྟ་རྒྱུ་དེ་རེད

མེ་ལོང་དང་ཤེལ་གྱི་དྲ་མའི་ངོས་སུ།
ངོ་མི་ཤེས་པའི་རང་ཉིད་ཅིག་ཡང་ཡང་མཐོང་ཡང་།
ངས་ཡང་ཡང་དུ་གྲིབ་མ་ཞིག་ཨུ་ཚུགས་ཀྱིས་བསུབ་ཐབས་བྱེད།
ཉི་འོད་དྲོ་ཞིང་རླུང་བུ་རྒོད་པའི་དགུན་མགོ་མ་འདིར།
བྲག་རོང་ལྟ་བུའི་གྲོང་ཁྱེར་གྱི་ཡང་རྩེ་རུ་བུད་ཅིང་།
དགུང་གི་ཟླ་བར་གདོང་གཏད་དེ།
རྒུན་ཆང་འཐུང་བཞིན་ཡོད། 
ཁམ་གང་། ཁམ་གཉིས། 
གྲིབ་མ་ཞིག་ངའི་ཤེས་པར་ཟགས་བྱུང་།
རྒོལ་ཐབས་མེད་པའི་ཚོར་བ་དེ་གཙང་བོ་རི་ཁ་ནས་འབབ་པ་ལྟར་རེད།
རྣམ་ཤེས་ཤིག་གིས་ང་ལ་བླ་འབོད་བྱེད་བྱུང་།
ལག་ཟུང་ཞིག་འདར་འདར་གྱིས་ང་ལ་ཕྱོགས་བྱུང་།
དེ་ནི་འཆི་བདག་གི་ཞགས་པ་ལྟ་བུ།

མིག་ཟུང་ཕྱེ་ཚེ་མདུན་ཐད་དུ་སྐར་ཚོམ་ལྟ་བུའི་མཚན་མོའི་གློག་འོད་བཀྲ་ལ།
ནགས་རི་དང་རི་གྲོང་ལྟ་བུའི་གཉིད་མི་ཁུགས་པའི་གྲོང་ཁྱེར་ཆུང་སྣང་ཞིག་ཤར་བྱུང་།
གྲིབ་མ་དེ་ང་རེད་དམ། 
ཕུང་བོ་འདི་ང་རེད་དམ།
ང་སུ་རེད། 
གྲིབ་མ་དེ་སུ་རེད། 

 

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།