གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རྐང་གཉིས་མ་ཚན་པ་བརྒྱད།

2014-07-10 21:43:00 འཆིང་གྲོལ།༼མཚོ་ལྷོ ༽ ཀློག་གྲངས། མཆན ཡོད།

            ཟམ་པ།
ང་ནི་ཚུར་སྣེའི་ལྕགས་ཕུར་དང་ཁྱོད་ནི་ཕར་སྣེའི་རྡོ་ཕུར་ཏེ།
བདག་གི་སེམས་ནས་ཁྱོད་ཀྱི་སྙིང་ལ་དྲངས་པའི་ལྕགས་ཐག་འདིས་ཚེ་སྲོག་ཅིག་ཐེག་གམ།

                             2014/03/13
            རྒྱང་རིང་ལ་ཕུལ་བ།
སྙིམ་པའི་ནང་ལ་མྱ་ངམ་ཐང་ཆེན་པོ་ཞིག་བཏེགས་ནས།
ཁྱེད་ཀྱི་མེ་ཏོག་གི་ས་བོན་ལ་སྒུག་ཡོད།
                                 2014/02/26
 
             ཆིག་ལབ།
ལྕགས་བྱ་དཀར་བོ་ཞིག་གི་ནང་དུ་བསྡད་དེ་སྤྲིན་པའི་བྱབས་ཁྲུས་ལ་རོལ་དུས།
རྒྱ་མཚོའི་གཏིང་ནས་གཏན་དུ་ལུས་པའི་སྡུག་བསྔལ་དག་ཚོར་ཐབས་བྲལ།
                                     2014/03/19
 

           མི་ཚེ།
དབྱུག་པ་རིང་བོ་ཞིག་གིས་ཆུ་ནང་ལ་བྲིས་པའི་རི་མོ།
རླུང་ནང་ལ་དཔར་བའི་ཕྱག་རྒྱ་སྣ་ཚོགས་ཀྱི་སྟོང་སྐུ།
                         2014/03/16
 
           གྲྭ་བ་དེ།
རས་གཟན་གཤོག་པར་བྱས་ནས་འཕུར་མ་ཐུབ།
རྨི་ལམ་གདན་དུ་བྱས་ནས་ཉལ་མ་ཐུབ།
                             2014/03/16
 
         དཔོན་ཆུང་ཞིག་ལ།
སྡེར་མོ་སྤུ་གསེང་ན་ཡོད་པ་མ་བརྗེད་པར་གྱིས།
ཉི་འོད་ཀྱི་ནང་ལ་མུན་པ་མཐུག་པོ་ཞིག་བསྐུངས་ཡོད་པའང་མ་བརྗེད་པར་གྱིས།
                               2014/03/13
 

           དུས་རབས་ཉེར་གཅིག་པའི་བོད།
 ངན་སྔགས་བཏབ་པའི་རྡེའུ་དཀར་ནག་ཁྲ་གསུམ།
རེ་རེ་བཞིན་བཏུས་ཏེ་རྡེའུ་འབུམ་ཞིག་འགྲུབ་པར་མི་ལོ་ག་ཚོད་འགོར་རམ།
                                   2014/02/27
       
           སྤྱི་ཚོགས་རིང་ལུགས།
དུས་ཚོད་བཞུར་ཤུལ་གྱི་གྲོག་ཤུར་རིང་མོ་ཞིག་སྟེ།
ངུ་འབོད་དང་རྐན་སྒྲ་གཏོགས་པའི་བྲག་ཆ་འབའ་ཞིག་མཆེད།
                                   2014/03/21
 
      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།