གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རྟག་པའི་འཇིགས་པ་དྲན་ཚུལ།༼ཞར་བཀོད་གཉིས་ཡོད༽

2014-06-06 12:56:00 སྐྱིད་སྟོད་པ།༼ལྷ་ས༽ ཀློག་གྲངས། མཆན ཡོད།

 
          མི་རྟག་པའི་འཇིགས་པ་དྲན་ཚུལ།

འཆི་བ་མི་རྟག་པ་ལན་མང་གྱེར་མྱོང
ཆུ་ཚོད་ཀྱིས་ཐག་སྒྲས་རྣ་བ་གཙེས་སོང
བྱིས་ལ་དེ་རན་གྱི་མིན་འདུག
ཨ་མའི་སྐྲ་དཀར་མང་དུ་ཕྱིན་པ་མངོན་གསལ་ཆེ
ད་ནི  ང་གཉིད་ཉལ་རྒྱུར་དགའ་ཡིས་མིན་འདུག
དངངས་སྐྲག་ཅིག་གིས
ང   མིག་བཙུམ་ནས་ཉལ་རྒྱུར་ཞེད་ཀྱིས

མིག་བཙུམ་ནས་སད་རྒྱུ་མེད་པ་དེར་བསམ་ན
གཉིད་ཉལ་རྒྱུར་བློ་སྟོབས་ཆེན་པོ་དགོས་ཀྱི

སྡོང་པོས་ལོ་མ་ཐེངས་མང་བརྗེས་ཚར
ཕོར་པ་གང་གིས་གྲོད་པ་རྒྱགས་ཀྱི་མིན་འདུག
འཁྱགས་པ་བྱི་རིལ་བཟའ་བའི་སྐབས་དེ་ཡོལ་ཟིན
རྩྭ་རྐང་གཅིག་འདེབས་མ་མྱོང་བའི་ང་རང
གཉིད་ཉལ་རྒྱུར་ཞེད་ཀྱིས
མིག་བཙུམ་རྒྱུར་དེ་བས་སྐྲག་གིས

མིག་བཙུམ་ནས་ལངས་རྒྱུ་མེད་ན
རྨི་ལམ་ཁྲོད་ནས་ལོག་མ་ཐུབ་ན
ངས་ས་གཞི་དེར་གང་བཞག་འདུག
མི་ལུས་དེས་ང་ལ་ཅི་ཞིག་སྤྲད་ཡོད
                    ༢༠༡༤ལོའི་ཟླ༢ཚེས་༡༥དགོང་མོ་རང་ཁྱིམ་སྐྱབས་གནས་སུ་སྦྱར།

           དགུན་གྱི་ཉི་མ།

རི་རྩེའི་ཁ་བ་སྐྱ་ལྷེབ་ལྷེབ་དེས་ཡིན་ནམ
ད་ལོའི་ཕ་ཡུལ་གྱི་དགུན་ཁ
བསིར་བསིར་རླུང་བུའི་ངར་ཁ་ཞིག་གིས
ཨ་ཆུ  ཨ་ཆུ་ཡིས་སྨྲེང་ངག་ཁྲོད་འདར་སིག་སིག

ཁ་བ་དེ་མཐུག་དྲགས་པས་ཨེ་ཡིན
ནམ་ཟླ་དགུན་གྱི་གྲང་ངར་ཚེ་རིང་དེས
དཔྱིད་རླུང་དྲོ་སོབ་སོབ་དེ་བསུ་ཐུབ་ཀྱི་མིན་འདུག
ཁྲོམ་གཞུང་གི་ཚོང་པ་ཚོའི་གྱོན་ཆས་ལ་བལྟས་ན
ཐུག་པ་ཚ་པོ་གང་འཐུང་ཉན་འདོད་པ་གཏན་འཁེལ་རེད་

ཉི་མ་ན་ཚོད་ཀྱིས་འཁོགས་པ་རེད་དམ
འོད་ཟེར་ཕོག་ཀྱང་དྲོད་ཁོལ་དེ་ཙམ་མི་འདུག
དགུན་གྱི་ཉི་མ  ཉི་མའི་དྲོད་ཆ་ཕྲན་བུ
ད་ལོ  གནམ་ནས་ལེན་རྒྱུ་ཡོད་པའི་དབང་དུ་གཏང་ན
ཚོང་པ་སྟོབས་ཆེན་ཚོས་བཙོང་ངེས་རེད
དཔོན་པོ་མཐོ་པོ་ཚོས་བཟུང་རྒྱུ་རེད
                            ༢༠༡༤ལོའི་ཟླ༢ཚེས༢༡ཉིན་ལྷ་སར་སྦྱར།

        གཅེས་ལངས་ཤོར་བའི་ལྷ་སྲས།

ལྷ་སྲས   ཆེས་མཚར་བའི་གོ་མིང་ཞིག
གཅེས་ལངས   ལྷ་ནས་འདྲེ་རུ་གཏོང་བའི་བརྒྱུད་རིམ་གཅིག
གཅེས་ལངས་ཤོར་བའི་ལྷ་སྲས
གྱང་ངོས་སུ་བྲིས་པའི་ཉི་མའི་གཟུགས་བརྙན་ཙམ
མཚོ་ནང་དུ་ཤར་བའི་ཟླ་བའི་ངོ་རིས་ཤིག

རྒྱལ་གླུ་གྱེར་ཐེངས་མང་བའི་ལྷ་སྲས
རྒྱལ་ཁ་བརྩོན་མ་མྱོང་བའི་གཅེས་ཕྲུག
ཡབ་རྒྱལ་པོའི་དབང་ཐང་བཙན་པོས
བློན་པོ་ཚོའི་ངོ་བསྟོད་དཀྱིལ་ནས་བརླག་ལ་ཉེ་དུས
ཕོ་མཚན་མེད་པའི་ཉུག་རུམ་པ་དེས་ཀྱང
བཅོམ་འདོད་ཀྱིས་སྡེར་མོ་ཁྱེད་ལ་བགྲད་ཀྱིས

བྱ་སྒོང་འཁྱགས་སྒམ་ལས་བྱུང་བའི་ལྟ་གྲུབ་དེས
གཅེས་ལངས་ཤོར་ཟིན་པའི་ལྷ་སྲས
འཁྱགས་སྒམ་མེད་ན  བྱ་སྒོང་མེད
                                    
              ༢༠༡༤ལོའི་ཟླ༢ཚེས༢༣ཉིན་ལྷོ་ཁར་སྦྱར།


       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།