གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་འཚོལ་བའི་ལོ་ཟླ།

2014-03-25 14:26:00 དྲང་སྲུང་ཡོན་ཕུན།༼ལྷ་ས༽ ཀློག་གྲངས། མཆན ཡོད།

                    ༡
དུས་ཚོད་ཅི་འདྲའི་བུལ་ཨང་།
ལམ་ཐག་ཅི་འདྲའི་རིང་ཨང་།
རེ་སྒུག་གི་མཁའ་དབུགས་སྟུག་པའི་གནས་འདིར།
སྟོང་བསམ་གྱི་གླག་རྒོད་ལྡིང་བའི་དུས་འདི།
ག་དུས་མཇུག་སྒྲིལ་སྲིད།
                      ༢
བསྐྱར་ཟློས་ཀྱི་ལོ་ཟླའི་ཁྲོད།
ཁེར་རྐྱང་གི་སེམས་དེ་ཇི་འདྲའི་ཡུར་ཨང་།
དྲང་པོར་བྱས་ན་ཁྱེད་རང་ངའི་འཁྲིས་སུ་ཡོང་ནས།
ངར་སེམས་གསོ་ཞིག་བྱེད་འོས།
འོན་ཀྱང་།    ཁྱེད་ངའི་ཁོར་ཡུག་དུ་ད་དུང་སླེབས་མེད།
——————————ལས་བསྐོས་ཀྱི་ཁྱེད།
                 ༣
ཡོད་ཚད་ལ་ཡིད་རྟོན་མ་བྱས་ཀྱང་ཆོག
འོན་ཀྱང་།     ངས་ལས་དབང་ལ་ཡིད་མི་ཆེས་པར་ཐབས་མེད།
ངའི་ནུས་པ་ཆུང་བའི་རྐྱེན་གྱིས།
གྲོག་ཚང་ཁ་ཕྱེ་བ་ལྟ་བུའི་མི་ཚོགས་ནས།
ལས་མཐུན་གྱི་ཁྱེད་འཚོལ་བར་ལས་དབང་ལ་སྐྱབས་འཇུག་ཞུས།
                     ༤
དུས་ཚིགས་རེ་རེའི་ཁྲོད་ཀྱི་དྲན་སེམས་དང་།
 འཁྱག་སིལ་སིལ་གྱི་སེམས་དེ་ལས་དབང་ལ་བཅོལ་བའི་ངང་སྒུག།
གདངས་རིང་བའི་སྐྱོ་གླུར་བཅོལ་བའི་སེམས་ཀྱི་ན་ཟུག
གས་ཆག་ཤོར་བའི་སེམས་དེ་སྙན་ངག་ཁོག་ཏུ་གབ་པའི་ལོ་ཟླ།
རྨིས་མ་ཐུབ་པའི་རྨི་ལམ་ཞིག་ལ་འཁྲེང་བའི་སྐྱོ་གར།
དེ་དུས།       ང་ལ་སེམས་གསོ་ཞིག་ཅི་འདྲའི་མཁོ་ཨང་།
                         ༥
ལས་མཐུན་མ།     ཁྱེད་འཚོལ་བའི་ཕྱིར།
ངས་མཐའ་འཁོར་གྱི་མིག་ཟུང་རེ་རེར་གཡོལ་བཞིན།
མཛེས་སྡུག་ཐ་དག་རྒྱབ་ཏུ་བསྐྱུར་ཟིན་པས།
མ་འོངས་པའི་ལམ་གྱི་དཀྱོག་མཚམས་ནས།
ཁྱེད་ཀྱི་སྒུག་ཡོད་པ་བདེན་པ་ཡིན་ན
ད་ལྟའི་ཆར་རླུང་དེ་ངས་ཅིས་ཀྱང་བགྲོད་ནུས།
                   ༦
ཟླ་བའི་འོག་ཏུ་ཟླ་འོད་བསྲོ་བའི་མཚན་མོ་རེ་རེ།
ཉི་འོད་འོག་ཏུ་གྲིབ་མ་འཁྲིད་པའི་དུས་མཚམས་སོ་སོ།
ནམ་ནམ་ཞར་ཞར་ཁྱེད་ལ་དུང་བའི་བརྩེ་བ་རེ་རེ།
སྐར་ཆ་རེ་རེར་ཡོད་ཚད་རེ་སྒུག་ལ་བཅོལ་བའི་འདུན་པ་དྲག་པོ་དེ།
ངའི་འཕྲེད་གླིང་གི་དུལ་ག་སོ་སོ་ནས་གྱེར་གྱིན་ཡོད་པས།
ཁྱེད་ཀྱི་རྣ་ལམ་དུ་ངའི་རྡོག་སྒྲ་ཐོས་ཨེ་བྱུང་།
                        ༧
ཤང་ཤང་དུ་བཞུར་བའི་ཆུ་མོ་ཡཱ།
ངའི་སྐྱོ་གདུང་ཡོད་ཚད་གླུ་རུ་འགུག་རོགས།
མཁའ་ལ་འཕུར་བའི་བྱིའུ་ཆུང་ཡཱ།
ངའི་འཕྲིན་པ་ལས་མཐུན་གྱི་སྙན་དུ་སྒྲོན་རོགས།
ལྷོག་ལྷོག་ཏུ་འཁྲིགས་པའི་ཆུ་འཛིན་ལགས།
སྨིག་སྒྱུའི་གྲོང་ལ་བཅོལ་བའི་ངང་སྒུག་དེར་དཔང་པོ་བྱེད་རོགས།
                      ༨
ངས་ངང་རྒྱུད་རིང་པོ་ཀྱོ་བར་བཟོས་ནས།
ཉ་པ་ཞིག་གི་ཚུལ་གྱིས།
དྭངས་ཤིང་གཙང་བའི་ཆུ་འགྲམ་དུ།
སེམས་ཀྱི་ཉ་ཆུང་ཁྱེད་སྒུག་ཡོད།
 
ངས་ང་རང་རྔོན་པ་ཞིག་ཏུ་བརྫུས་ནས
བརྩེ་དུང་གི་འདུན་པ་ཡོད་ཚད།
ལ་རྒྱབ་ཀྱི་རི་དྭགས་ཞིག་ལ་བཅོལ་ནས།
ཡོད་ཚད་ལས་དབང་གི་བཀོད་སྒྲིག་ལ་ཉན་ན་བསམས།
                      ༩
ངའི་ཁོར་ཡུག་ཏུ་དཔྱིད་དཔལ་ཚེས་ཟིན་ཀྱང་།
ཁྱེད་ནི་སླེབས་པ་ཕྱི་བའི་ཁུ་བྱུག་གི་གཤོག་འགྱུར།
 
ངས་ཆར་པའི་འོག་ནས་ཁྱེད་ཉིད་སྒུག་ཡོད་པས།
ལྷོ་ཕྱོགས་ནས་ཡོང་བའི་ཁུ་བྱུག་གི་ཁྱེད་འཁྲིད་ཡོང་ན་བསམས།
དགུན་གྱི་གྲང་རླུང་དེས་སྤུ་གྲི་བཞིན་དུ་བདག་ལ་གཙེས་པས།
ངས་ཁ་བའི་ཁྲོད་ནས་ཁྱེད་ཉིད་ཁ་བ་བཞིན་བབས་ན་བསམས།
སེར་མདངས་འཕྲོ་བའི་ལྕང་ལོའི་སྟང་སྟབས་དེ།
ངའི་རྨི་ལམ་ལ་རྨིས་མྱོང་བའི་ཁྱེད་ལ་སྤྲུལ་ན་བསམས།
              ༡༠
ལས་མཐུན་མ།    ཁྱེད་གང་དུ་ཡོད།
ད་ལྟ་ངས་ཁེར་རྐྱང་གི་ལོ་ཟླ་བཀླགས།
དྲན་གདུང་གི་སྨྲེང་གླུ་གྱེར་གྱིན་ཡོད་པས།
ནམ་དུས་དབྱར་ཁའི་དུས་སུ།
ངའི་ཁེར་རྐྱང་གི་འཇིག་རྟེན་དུ།
ཁྱེད་ཉིད་མེ་ཏོག་བཞིན་བཞད་ཁ་ཕྱེ་བར་སྒུག།
                       ༡༡
གང་ལྟར་དུས་ཚོད་ནི་གངས་ལྟར་བཞུར་སྲིད་པས།
ངས་རི་རླུང་གྲངས་མེད་བརྒལ་རྗེས།
ང་ཆར་པ་བཞིན།           སིམ་སིམ་དུ།
ང་ཁ་བ་བཞིན།             ལྷབ་ལྷུབ་ཏུ།
ང་ལོ་མ་བཞིན།              ལྷུག་ལྷུག་ཏུ།
ཁྱེད་ཀྱི་འཇིག་རྟེན་དུ་བབས་འདོད་ཨང་།
 
                 ༢༠༡༠ལོའི་ཟླ་བ༡༢ལ་བྲིས།
 
       
  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།