གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་མེ་ཏོག

2015-02-27 11:53:33 ཐོ་ཡོར།༼ དཀར་མཛེས༽ ཀློག་གྲངས། མཆན ཡོད།


ཁ་བའི་གསེང་ན་འགུལ་གྱིན་པའི་ལག་པ་དེ
སྤྲིན་པ་བསེད་ཤུལ་ཀྱི་སྙིང་རྗེ་བའི་ལ་འཁྱིལ་བའི
དྲན་པ་སྐམ་པའི་ཤིང་སྡོང་ཞིག
ཁྱེད་ཀྱི་ལོ་མ་ལྟ་བུའི་ཆར་རླུང་ཁྱེར་ནས
སྐྱེ་བ་སྔ་ཕྱི་འདྲ་བའི་མིག་ཆུ་གཏོར

ཐག་རིང་གི་ཁྱེད་ཀྱི་སྨོན་ལམ་བཏབ་པའི་སྒེའུ་ཁུང་ནས
མུན་ཁང་དུ་འབར་བའི་སྐམ་རུད་ཀྱི་ཀེང་རུས་ཞིག་མཐོང
མིག་ཟུང་ཤེད་ཀྱིསབཙུམ་ཡང
སྣང་བ་མ་འགགས་པའི་བར་སྦྱར་ཐབས་མེད

གློ་མཆིན་བར་ན་འགུལ་བའི་སྲིན་འབུའི་ཕོན་པོར
ཁྱེད་ཀྱི་སྙན་ངག་འབྲི་མི་ཤེས་མོད
ཁོག་འདར་རྒྱག་པའི་ན་ཟུག་དག་ཤོག་བུ་ལ་རེག་པས
མེ་ལོང་ལས་རང་ཉིད་ཁེར་རྐྱང་མིན་པ་ཚོར

ཐག་རིང་གི་སྨུག་པ་རབ་རིབ་ཀྱི་ནང་དུ་སྣང་བའི
གསལ་ལ་མི་གསལ་བ་དེ
ལག་པས་མི་ཟིན་པའི་བྱི་ལའི་ལག་པ་ཞིག་ཡིན་པ་ངས་ལོས་ཤེས
འོན་ཀྱང རོལ་དབྱངས་རྫོགས་མཐའ་བྲལ

ཁྱེད་ཁོ་ན་འཇིག་རྟེན་འདིའི་སྦུབས་སུ་རླན་གཤེར་གྱིས་གྲུབ་པས
ཆུ་འཁྱག་གིས་སྦང་བའི་ཡལ་གའི་སྟེང་གི་དབྱངས་དེ
མཚན་མོ་གྲང་མེད་ཀྱི་མདོ་འཛིན་དུ་གྱུར

ཁྱེད་ཀྱིས་རང་ཉིད་མི་མངོན་ས་དེར
སྒེའུ་ཁུང་ཞིག་བཟོས་རྗེས
འགྲམ་ངོས་སུ
ཡིག་འབྲུ་གཉིས་མགྲིན་པར་བཏེགས་ནས་བུད་སོང

མིག་ཟུང་གཉིས་ཆར་བས་གཙེས་ནས་ད་ལྟ་འབྱེད་མི་ཐུབ་ནའང
སྒེའུ་ཁུང་དེའི་ནང་ནས་ཅི་ཞིག་མངོན་པར་དོག་ནས
འཇིག་ཉེན་ངང་འཚོ་དགོས་བྱུང
ཁྱེད་རང་སོང་རྗེས དག་དག་ས་རུབ་སོང

དུས་ཚོད་ཀྱི་ངོས་སུ་འཛར་བའི་ཐག་པ་དེས
ཅི་ཞིག་བསྡམས་ནས་སྡུག་བསྔལ་གྱི་འདམ་དུ་འཕེན་འགྲོ
ཡང་གང་ཞིག་གློད་ནས་འཕུར་འགྲོ
ངས་རང་གི་བྲིས་པའི་དབྱངས་ཡིག་མེ་ལ་བསྲེགས
སྙན་ངག་ཆུ་ལ་བསྐུར
དོན་ངོ་མར་ངས་འདི་དག་ཅི་ཞིག་གི་ཚབ་ཏུ་བྲིས

དེ་ནས་བཟུང
ངའི་ཉིན་མང་པོར
སྙན་ངག་མ་བྲིས་ཞིང
ཐ་ན་ཁྱེད་ལ་གྱེས་ཚིག་ཅིག་འབྲི་བའང
སྐར་མ་ནག་པོ་འགའ་མིད་པ་དང་མཚུངས

ཆག་རོར་གྱུར་བའི་མེ་ལོང་ལས
ཁྱེད་ཁོ་ན་དགོད་ཅིང་ཁྱེད་ཁོ་ན་ངུ
ཚེར་མ་དང་ཚེར་མའི་ཕུང་པོ་གྱུར་རྗེས
སྔར་གྱི་མེ་ལོང་ལས་བྱུང་བ་དེ་ཚོ
ཆུ་དང་ཆར་བར་ཟགས་པའི་རྫ་བུམ་དེའི་སྐྱེ་བ་ཕྱི་མའི་ཁ་བའོ

ཡུན་རིང་ཞིག་ལ་འབྲི་མ་མྱོང་བའི་སྐར་མའི་སྐྱེ་འཆི
ཡུན་རིང་ཞིག་ལ་བསམ་མྱོང་བའི་རང་གཉིས་ཀྱི་ཉི་ནུབ
ཡང་ཡུན་རིང་ཞིག་ལ་འགྲེལ་མ་ཕོད་པའི་སང་ཉིན་གྱི་རང་གཉིས
ཀྱེ མིག་ཆུ་སྐམ་རྗེས
ང་ཡི་མུན་ནག
ང་རང་རྡོ་བའི་སྒྱུ་འཕྲུལ་གྱི་ཕུག་པར་འཕེན་རོགས

ཁྱེད་ཀྱི་ལུས་གསེང་ནས་འཐོར་བ་དེ
རྣམ་ཤེས་ལ་བསྲེས་ཆོག་པའི་འཁོར་བ་ནས
སྨྲ་བ་ཅི་ཡང་མེད་པའི་སེམས་ངལ་འདེབས་མཁན་ཞིག

སྙིང་ཁར་ཟིལ་བ་ཆགས་ན
ཁ་སང་གི་ཆར་བ་ཆང་གིས་སྦང་ཆོག
མཇུག་སྡུད་མཁན་ང་རང་ཨེ་ཡིན
..........................

     ༢༠༡༤ལོའི་ཟླ༨པའི་ཚེས༡༢ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།