གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི།༼ ཞར་བཀོད་བཞི་ཡོད ༽

2015-03-25 10:32:40 རས་པ། ཀློག་གྲངས། མཆན ཡོད།

jigmerepa.jpg

             མི།

མི་རྣམས་ཐལ་བའི་རྡུལ་དུ་མ་གྱུར་བའི་སྔོན།
ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་རེ་བ་བྱེད།

མི་རྣམས་ཀྱིས་རང་ཉིད་ཐལ་བར་འགྱུར་རྒྱུར་ཞེད་སྣང་མི་བྱེད།

མི་རྣམས་ཀྱིས་སྐྱེ་བ་ཕྱི་མར་སུ་ལ་ཆགས་སྡང་བྱེད་པར་གྲ་སྒྲིག་མི་བྱེད།
མི་རྣམས་ཀྱིས་རང་ཉིད་ནམ་ཡང་རང་ཉིད་ཡིན་པར་བསམ།
མི་རྣམས་ཀྱིས་རང་གི་ཡན་ལག་རང་གིས་རྩ་ནས་གཅོད།

             མཚན་མོ་རང་ཉིད་བཙལ་ན།

ཡུད་ཙམ་གྱི་རིང་ལ།
ཕུགས་བསམ་གྱི་ལྗོན་པར་ཡིབ་ནས་བལྟས།
ཁེར་བགྲོད་ཀྱི་ཟླ་བས་ཁོང་དགོད་བྱེད་ཅིང་།
ཡལ་གའི་གྲིབ་འོག་ནས་མགྱོགས་མྱུར་གྱི་མི་ཚེ་སྟོན།
དག་ཞིང་གི་ཐ་སྙད་ཀྱིས་ལྡོག་ཏུ་མེད་པའི་བསླུ་ཚིག་སྒྲོག་གིན་མེད་ནའང་།
བྱིས་དུས་རྨིས་མྱོང་བའི་རྨི་ལམ་ཡོད་ཚད།
འཇིགས་ཚར་ཏེ། ཅི་ཙམ་བསམ་ཡང་སྔར་ནས་བཞུད་ཟིན།

ཕ་ཡུལ་དུ་ནམ་ཟླ་དགུན་ཁའི་གདུང་གླུ་འཁོར་ཞིང་།
ས་མཐའ་རུ་རྒྱུན་པར་གོ་བའི་གདུང་དབྱངས་ཀྱིས་རང་ཉིད་ཡོངས་སུ་བཟུང་།
ད་ནི་འཆར་ཡན་གྱི་འཚོ་བ་ཡལ་ཟིན་ཏེ།
ཧ་ཅང་མཁྲེགས་པའི་གཉའ་ཤིང་ཞིག་འཁུར་ཡོད།

ལོ་ཟླ་རིམ་གྱིས་འདས་ཤིང་།
མཚན་མོའི་རྨི་ལམ་དུ།
ཁོད་ཡངས་པའི་གངས་འདབས་ཀྱི་བརྩེ་སེམས་ཚོར།
ཀྱེ་མ། བདག་ལ་འཆར་ཡན་གྱི་རྟོག་པ་གཅིག་རང་ལྷག་སྟེ།
ཨ་མའི་སྤྱན་དཀྱུས་སུ་མུ་ཏིག་ལས་གཙང་བའི་བསིལ་ཆབ་ཁ་ཤས།
ཡང་ནས་ཡང་དུ་ས་ལ་ཟགས་ཀྱིན་འདུག
             ༢༠༡༤།༡༠།༦དགོང་མོ།

              བྱེའུ་ཆུང་ཞིག་ལ་དྲན་ཤེས་བགོ་བ།

ཞོགས་པའི་གྲང་རླུང་གིས།
ཉམ་ཆུང་དུ་བགྲོད་པའི་བྱེའུ་དཔག་ཚད་ཁ་ཤས་ཀྱི་མཐའ་རུ་སྤྱུགས།
ངས་གསལ་པོ་ཐོས་ཏེ། འབོད་སྒྲ་དེ་ཕྱིར་འོང་འདོད་ཀྱི་སྨྲེང་བ་ལགས།
ཕྱིར་ཡོང་བར་རྔམ་སྐྲག་སྐྱེས་དུས་ཀྱི་ཚོར་བས།
ཁོ་རང་སྐད་ཅིག་ཏུའང་འདུག་བཟོད་དཀའ་བར་བཟོས།

བྱེའུ་ཆུང་། ཁྱོད་ལ་རང་གི་ཉམ་ཆུང་བའི་གཤོག་པ་དེ་གཅིག་པུ་ལས་མེད་པས།
འཕུར་ཆོག་ཀྱང་བབས་མི་ཆོག
༢༠༡༤།༡༠།༡༤ཉིན།

               རང་དབང་འཚོལ་བ།

རང་དབང་གི་སྒོ་ཞིག་ཇི་ལྟར་ཕྱེས་དགོས།
ངས་རང་ཉིད་ཀྱི་བྲང་ཁོག་ཁ་ཕྱེས་ནས་ལོ་མང་སོང་།
ད་དུང་རྙེད་རྒྱུ་མ་བྱུང་།

རང་དབང་གི་སྒོ་མོ་གང་དུ་ཡོད་མེད་ད་དུང་མ་ཤེས།
དོན་དངོས་སུ་རང་དབང་ནི་རིང་ལུགས་ཤིག་རེད་དམ།

ངས་དྲན་སོས་པ་ཞིག་ལ།
བཤད་རྒྱུན་གྱི་རྗེས་འབྲང་པ་ནི་དོན་དངོས་ཤིག་མིན་པ་དེ་རེད།
ཡིན་ཡང་། ང་ད་དུང་རང་གི་ལམ་དུ་བགྲོད་ཐུབ་ཀྱི་མི་འདུག
               ༢༠༡༤།༡༡།༥ དགོང་མོ།

               ང་དང་ཕ་ཡུལ།

ཕ་ཡུལ། སྟོན་མཇུག་གི་དུས་སུ་ཁྱོད་ཀྱིས་ང་དྲན་བཞིན་པ་འདྲ།
ཁྱོད་ནི་ཞེ་རྩ་བརྩེ་བས་ཁེངས་ཤིང་།
གཏམ་ལ་འགྱུར་ཁུགས་ལྡན་པའི་སྲོག་ལྡན་གྱི་སེམས་ཅན་ཞིག་ཡིན།
སྲིད་པ་རྒན་པོ་ཟེར་བ་དེ་ཡིན།

ཕ་ཡུལ། སྟོན་མཇུག་གི་དུས་སུ་ངས་ཀྱང་ཁྱོད་ཧ་ཅང་དྲན།
ང་ནི་ཁྱོད་ཀྱི་ལག་མཐིལ་ནས་བཙན་གྱིས་ཕྱི་རུ་ཐོན་པའི །
སྡོང་ལོ་སེར་ཐིགས་ཅན་དེའི་ཁྲོད་ཀྱི་གཅིག་ཡིན།

ཕ་ཡུལ། ཁྱོད་ནི་ཧ་ཅང་བརྟན་བརླིང་གིས་འགྱིངས་འདུག
ང་ཡང་ཧ་ཅང་མཉེས་གཤིན་གྱིས་འཚོ་ཡོད།
ཡིན་ནའང་། བདག་ནི་ཁྱོད་ཀྱི་རྣམ་ཤེས་ལྟ་བུའི་དུད་སྤྲིན་གྱི་སྣེ་མོ་ལ་མཐུད་ནས།
རང་དབང་གི་ཀི་སྒྲ་ཞིག་འདི་ལྟར་སྒྲོག་འདོད་སྟེ།
ཀྭ་ཡེ། "ང་ཡི་རི་ལུང་ཕྱིར་སྤྲོད་ཅིག"
              ༢༠༡༤།༡༡།༢༩ཉིན།  

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།