གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླའི་རི་མོ།

2015-05-31 09:56:21 གངས་སྙེག༼ ཐེ་བོ ༽ ཀློག་གྲངས། མཆན ཡོད།

             ༡
ལས་སྐལ་འདིའི་འཁོར་འགྲོས་ཤིག་གིས
ལོ་ཟླ་མཐུད་དེ་བགྲོད་པའི་སྨྱུག་ཁ
ས་གཞི་འདིའི་ཤོག་ལྷེ་ངོས་སུ
ཞབས་རྗེས་ཀྱི་རི་མོ་བཞིན་ཕབ

རི་མོ་འདི ངའི་སེམས་ཀྱི་ཉག་ག་ན
ཕ་རོལ་ཏུ་ཕྱིན་པའི་རྒྱབ་གཟུགས་ལྟར
མིག་གི་མཐོང་ཡུལ་དུ་སྐད་ཅིག་ལ་ཡལ་འགྲོ
གྱེས་བརྡ་མེད་པར་བུད་འགྲོ

ཞལ་ཏ་དང་ཕྱི་མིག་མེད་པར་བུད་སོང་བས
ངའི་སེམས་སུ་འཁྲེང་ཞེན་གྱི་རྨ་ཁ་ཞིག
ས་ཡོམ་འདར་ཤུལ་གྱི་རྫབ་རྫོབ་བཞིན
འཁྱགས་གས་ཤོར
             ༢
ཀྱེ་ཧུད ལོ་ཟླ་ཡ་ལོ་ཟླ
ཉི་མ་ནུབ་ཤུལ་ན་མུན་སྲིབ་བཐིབས་པ
དུས་ཚོད་ཀྱི་ངལ་གསོ་ཕྲན་ཙམ་ཞིག
ཡང་ན ཉི་མས་ང་ལ་ཀུ་རེ་བརྩེ་བ་ཡིན

རྟག་པ་མེད་པའི་ཆོས་ཉིད་ཀྱི་ཀློང་དུ
མི་ཚོ འདོད་རྔམ་གྱི་བྱས་ཉེས་ལ་རྨོངས་པས
འཁྱགས་གས་ཤོར་བའི་ལོ་ཟླ་བརྗེད་སོང་པ་འདྲ
ཚོན་མདོག་གི་རི་མོ་སུབ་སོང་བ་འདྲ

ལྟེབ་ཆགས་ཤོར་བའི་ཤོག་ལྷེ་ཞིག་ལ
ཞབས་རྗེས་ཀྱི་སྨྱུག་ཁ་སྐོར་བཞིན
སྐྱ་ཟད་སྔོ་སྡུག་གི་རི་མོ་ཞིག
འཛིན་མའི་ལྟེ་བར་འབྲི་ཡིན་ཡོད
            ༣
ལོ་ཟླ་ག་ཚོད་ཅིག་ལ
རི་མོ་ག་ཚོད་ཙམ་བྲིས་པ་ངས་ཀྱང་མ་ཤེས
རྟོགས་སད་ཀྱི་སྔས་གོང་ན་མིག་ཟུང་ཕྱེས་དུས
ངའང་རི་མོ་འདིའི་ཚོན་མདངས་ཤིག་ཏུ་གྲུབ་འདུག

ཀྱེ་མ མི་ཡི་བདག་པོ
ཁྱོད་ཀྱིས་ང་ལ་ཚོན་མདངས་མ་བྱུག
ང་རང་གདོད་མ་ནས་རི་བོ་སྲུང་མཁན་གྱི་དར་ལྕོག
ལྷ་བསང་འདྲེན་མཁན་གྱི་རླུང་རྟ་རྐྱང་རྐྱང

ལོ་ཟླ་འདིའི་ཞབས་རྗེས་ཀྱི་ཤོག་ངོས་རེ་རེ་ན
ལྷ་སྒྲུང་གི་ཕྱུག་པའི་རི་མོ་རེ་ཡོད་པར་གདའ
དེ་ནི་ཁྱོད་དང་ངའི་རྫོགས་ཟིན་པའི་ལེའུ་འབའ་ཞིག
རྒྱབ་གཟུགས་ལྟར་ཡལ་འགྲོ ཡལ་འགྲོ
              2015-2-8

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།