ལོ་བརྒྱའི་སྡིག་སྒྲིབ།༼ སྙན་ངག་རིང་མོ ༽

གདོན་མིག༼ ལན་ཀྲུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-06-08

             ༡
ང་རང་མུན་ནག་གི་ལག་མཐིལ་དུ་སྐྱེས་དུས
སྨྱོན་པའི་ཟིན་ཐོ་ཞིག་དང་ཁྭ་ཏའི་གཟེངས་རྟགས་ཤིག
མིག་གི་སྒེའུ་ཁུང་དུ་ས་རྡུལ་གྱིས་བརླན་ཡོད་ལ
ནམ་མཁའ་ཐེད་པོ་ཞིག་གི་ཁ་དོག་ཀྱང
མུན་ནག་གི་ས་ཁྲ་ཞིག་ལ་འདྲེས་ནས་ཡོད

ལྕགས་ཐབ་ཀྱི་ངར་དྲི་ཡིས
རྔུལ་ཆུ་ནག་པོ་ཞིག་དེ་མུར་བསྐམས་ཤིང
བ་སྤུའི་ཚོམ་ནི་ཧར་གྱིས་བྲེགས་སོང
དེ་དུས རླུང་གིས་དེད་པའི་རྐྱང་རྒོད་ཅིག
རང་དབང་གི་གཡང་གཟར་ལ་མཆོངས་པ་ནི
སྐྱེ་བ་སྔོན་མའི་རྨི་ལམ་དེ་རྨིས་པས་ཡིན་སྲིད

བྱ་གླག་ཅིག་གིས་ནམ་མཁར་གྱེན་ལོག་བྱས
གཤོག་པས་མདའ་གྲི་བཟུང་ཏེ་གྱེན་ལོག་བྱས
ཡང་ན དཀར་ལ་ནག་པོའི་སྤྲིན་པར་གྱེན་ལོག་བྱས
ལས་དབང་གི་ལྷན་པ་མང་པོའང
སྐྱི་སྤགས་བཤུ་བ་ལྟར ས་ཤུན་བཀོག་པ་བཞིན

ཐལ་བ་སྤར་མོ་གང་སྨོན་ལམ་གྱི་ཚབ་ཏུ་ཆུ་ལ་བཏབ
དོང་རིམ་པ་དགུ་ལས་སྐྱེས་པའི་མེ་ཏོག་དག་གི་དྲན་པ་གསོས
རྡོ་བ་མང་པོ་ཞིག་གི་སེམས་ཐོག་ཏུ་ཆུ་བླུགས
ནད་རྙིང་གི་རྨ་ཁ་རུ་རས་ཐུམ་ཡང་ཡང་རྒྱབ
དེ་ལྟར མཚན་མོ་རྡོག་པས་བརྫིས་ནས
ཁྱེད་ཕྱོགས་སུ་གོམ་པ་ནན་གྱིས་བཞག་དུས
ཡིད་ཚིམ་པའི་སྐྱེ་རེངས་ཤིག་སྐྱེ་བ་འདི་ལ་མི་འདུག
རློམ་ཆོག་པའི་དབྱར་ཁ་ཞིག་ན་ཚོད་འདི་ལ་མི་འདུག

ངལ་དུབ་ཀྱིས་ལུས་པོ་གཅུར་བ་དེ
སེམས་ཀྱི་མཐིལ་ལ་རྡོ་ཕུང་ཉིལ་བ་འདྲ
སུན་སྣང་གིས་རྣམ་ཤེས་རྨས་པ་དེ
ཚོར་བ་ཡི་གདོང་ལ་ཁ་བ་བབས་པ་དང་ཅི་འདྲའི་མཚུངས་ཨང

ཉིན་མཚན་གྱི་འདྲེས་མཚམས་སུ་སྙན་ངག་ཅིག་བྲིས་པས
ཐོད་རུས་ཀྱི་ཉིན་སྲིབ་ལ་སྡིག་སྒྲིབ་ཀྱི་སྨུག་པ་འཁོར་སོང
ཕྱིར་དྲན་གྱི་གཙང་བོའང་མུ་ནས་མུ་རུ་བཞུར་སོང
སྐབས་སྐབས་སུ མིག་ཆུ་ལྡོག་འགའ
སྙུག་རྩེ་ནས་ལྷོད་ཀྱིས་ལྷ་ཡུལ་ལ་བབས

ཞག་མ་གྱ་དགུ་ལ་ཁྱོད་གཅིག་པུ་དྲན
ཁྱོད་ཀྱི་མཆིན་པའི་དྲོ་འཁྱག་དང་ཁྲག་གི་ཁ་དོག་དྲན
ད་དུང ཁྱོད་ཀྱི་སེམས་སུ་རུམ་པའི་ལོ་ཟླ་དེ་དག་དྲན
དྲན་དྲན་མཐར་ང་རང་ཉིད་དྲན་དུ་བཅུག་སོང

ལོ་མ་ཞིག་ལ་ཤར་བའི་ལོ་རྒྱུས་སེར་པོ་དེ
སྟོན་རླུང་གིས་ཆུ་ཕྲན་ཞིག་ལ་བསྐུར་དུས
རྒྱང་རིང་གི་གངས་རི་དག་འགུལ་ཞིང
གནམ་མཐའི་མཚོ་མོ་སྐྱོམ་པ་ནི
སྐད་ཆ་དཀར་པོ་ཞིག་མེ་ལ་ཚིགས་སོང་བས་ཅི་ལ་མི

            ༢
ཕྱིར་མི་ལྡོག་པའི་བློ་སྤོབས་ཀྱིས
བྲང་གི་མི་ཡུལ་ལ་ལྕགས་རི་བསྐོར་ཞིང
མིག་གི་བཙན་རྫོང་ལ་མེ་ཏོག་མང་པོ་བཏབ་བྱུང
དེ་བས ང་རང་ཁེར་རྐྱང་དུ་འགྲོ་དགོས་པ་དང
ཐོད་ལ་སྤྲིན་པ་བཏེགས་ཏེ་འགྲོ་དགོས་པའང་འདི་ཡིན

གཞན་གྱིས་བཤད་ན་ང་ནི་ཁྭ་ཏ་ཞིག་རེད་ཟེར
དྲང་མོར་བཤད་ན ང་ནི་ཕོ་རོག་ཅིག་ཡིན
རླུང་དམར་འུར་འུར་ཁྲོད་གཤོག་པ་བརྐྱོངས་ཐུབ་པའི་ཕོ་རོག་ཅིག
ཡང་ན རླུང་དམར་ཁྲོད་རང་དབང་འཚོལ་མཁན་གྱི་ཕོ་རོག་ཅིག་ཡིན
རང་དབང་གི་འཚོ་བ་འཚོལ་མཁན་གྱི་ཕོ་རོག་ཅིག

ས་འདམ་གྱི་སེང་གེ་ཞིག་མཚན་མོའི་གཙང་བོར་བརྒལ་སོང
ཤོག་བུའི་ཁྱུང་ཆེན་ཞིག་ནམ་མཁར་འཕུར་སོང
ཡུལ་མི་དག་གི་དད་པའང་རླུང་གིས་དེད་སོང
སྐར་མ་སྐེ་རྒྱན་དུ་བཏགས་པའི་བུ་ཆུང་ཞིག
རྩྭ་སྤུང་ཞིག་ལ་འཇུས་ནས་ཡང་ཡང་ངུས
ངུས་ནས་ས་གཞི་བརླན་པར་བྱས་སོང

ཞྭ་མོ་ནག་པོ་ཞིག་སྐུད་ནག་གིས་གཙག་གྲུབ་བྱས་པ་དེ
གངས་རི་དཀར་པོ་ཞིག་ལ་བཙན་གྱིས་གཡོག་ཀྱང
ལྡེབས་རིས་སུ་བརྐོས་ཡོད་པའི་བློ་གྲོས་ཀྱི་ཁ་དོག་ནི
ཇི་སྲིད་བར་དུ་དྲི་མེད་དྭངས་གཙང་གིས་བཞུར་ངེས

སྙོམས་པར་མོས་དྲག་པ་དེ་ཅིའི་ཕྱིར
ངག་ལ་སྒོ་ལྕགས་རྒྱག་པ་དེ་ཅིའི་ཕྱིར
ཁྱོད་ནི་སུ་ཞིག་ཡིན གང་ལྟར
ཀུན་ལ་དབང་བའི་ནམ་མཁའ་ཡིན་མི་སྲིད

             ༣
གནམ་སའི་མཚམས་ནས་འཕྱུར་བའི་ས་རྡུལ
རྒྱ་མཚོའི་གཏིང་ནས་སྐྱེས་པའི་མེ་ཏོག
སེམས་པའི་ཉིན་སྲིབ་ནས་བབས་པའི་ཁ་བ
ཡང་ན ཚོར་བའི་མཇིང་ལ་བཏགས་པའི་སྐད་ཆ་དག
ལོ་ཟླའི་རྩུབ་བརྡར་ཁྲོད་ཉི་མ་བཞིན་དུ་གསལ་ངེས

གངས་རི་ཡར་ལ་འཕག་པའི་སླད་དུ
མུན་པའི་སྒེའུ་ཁུང་ཕྱེ་བའི་ཆེད་དུ
ང་རང་ལྕགས་ཀྱི་ཚེར་མ་བཞིན
ཁྱེད་ཀྱི་མིག་གི་སྲུབས་ཀ་རུ་སྐྱེས་ཡོད
ཡིན་ནའང སྲ་མཁྲེགས་ལ་གློ་བ་གླན་མཁན་གྱི་ཁྱོད་རང
ཨུ་ཚུགས་ཀྱིས་རི་ཚོགས་ལ་ཁེན་ནས
མུན་པའི་ནང་ལ་ག་ལེར་ལོག་སོང

སུས་ཀྱང་གོ་མྱོང་བའི་གཏམ་རྒྱུད་དེ
འགོ་རྩོམ་དུས་ཀྱང་ནག་པོ་ཞིག་ཡིན་ལ
མཇུག་བསྡུ་དུས་ཀྱང་ནག་པོ་ཞིག་རེད
དེ་བས དེ་བཤད་མཁན་གྱི་མིའང་ནག་པོ་ཞིག་ཡིན

ཁ་རོག་གེར་ཁེར་རྐྱང་གིས་ངུས་པ
གང་འདོད་དུ་རྒྱུ་མཚན་མི་འདྲི་རོགས
ཡོད་ཚད་རྨི་ལམ་གྱི་ཚབ་ཏུ་ངུས་པ་ཡིན

རེ་བ་རུམ་གང་ཁྱེར་ནས་ལམ་ལ་ཆས་ནའང
རེ་བའི་དབྱར་ཁ་དེ་སླེབས་མི་སྲིད་པ
འདི་ལྟར ཁྱོད་རང་ཆུ་རྙོག་ལྟར་བཞུར་བས་རེད

ངས་བདེན་མིན་གྱི་རི་རྩེ་ཇི་ལྟར་བསྟན་ཡང
ངས་དཀར་ནག་གི་ཡི་གེ་ཅི་ཙམ་བྲིས་ཀྱང
ཤིང་དང་རྡོ་བ་འདྲ་བའི་ཁོ་ཚོ་ལ
ཁྲག་དང་མིག་ཆུ་མི་འདུག
དྲན་པ་དང་གདུང་བ་མི་འདུག ཚོར་བ་མི་འདུག

དབྱངས་རྟ་ནག་པོ་ཞིག བག་ཆགས་རློན་པ་ཞིག
མུན་པ་གདུ་བའི་དོང་ནང་དུ་འཕྱུར་སོང
རུས་པ་ནག་པོ་ཞིག སྐྲ་ལོ་སྐྱ་བོ་ཞིག
འོད་ཀྱི་སྲུབས་ཀ་ནས་རྙིད་ཀྱང་རྒས་སོང
དེ་དུས སྙིང་གི་གྲོག་རོང་དུ་ལྕེབས་པའི་འབྲོང་རྒོད་དག
སེམས་ཀྱི་གངས་འདབས་སུ་ད་དུང་གསོན་ཡོད

ཁ་བྱང་མེད་ལ་མིང་ཡང་མེད་པའི་མི་ཞིག
ལམ་ཕྲན་ཐེད་པོ་ཞིག་ལ་དུངས་དྲག་ནའང
ཁ་རླངས་བཙན་པོ་ཞིག་གི་སྡིག་སྒྲིབ་ཀྱིས
ལས་དབང་གི་སྒྲོག་ལ་རྒྱབ་པས
ཚོན་མདངས་ཀྱི་མིང་ཐོ་ཞིག
ཁྱེད་ཀྱི་སྒོ་བྱང་དུ་འགྱུར་བར་སྨོན

            ༤
ཚིག་གིས་མཚོན་མི་ཐུབ་པའི་ན་ཟུག་གི་ཚོགས
ཁྲག་གི་སྦུབས་སུ་བརྒྱུད་ནས་ཐོད་ཀྱིས་འཕྱུར་པ
ཁྱེད་ཀྱི་ནམ་མཁའ་ནས་རྒོད་པོ་ཤི་བས་ཡིན
སྐྱོ་བའི་རི་མོ ངུ་བའི་དབྱངས་ཡིག
ཡང་ན དུར་ཁྲོད་ཀྱི་སྣང་བ་བར་མ་ནི
དམྱལ་བའི་ཞིང་ཁམས་སུ་དབྱར་ལྟར་སྨིན

སྦར་ཆོག རྣམ་ཤེས་སྦར་ཆོག བརྩེ་བ་སྦར་ཆོག
སྙན་ངག་དང་ཚིག་འབྲུ་རེ་རེ་སྦར་ཆོག
ཁྱོད་ནི་ན་ནིང་ཚིག་པའི་མེ་ཏོག་དེ་ཨེ་ཡིན
ཁྱོད་ནི་ད་ལོར་ཐལ་བར་གྱུར་བའི་ལྕི་བ་དེ་ཨེ་ཡིན

དེ་དུས ང་བཟི་མྱོང རབ་ཏུ་བཟི་མྱོང
སྐྱོའང་མྱོང ཤིན་དུ་སྐྱོ་མྱོང
མཐའ་འཁོར་གྱི་རྡོ་བ་འདྲ་བའི་མི་དག
འཁྱག་ཐག་ཆོད་པའི་རོ་ལྟར ཡང་ན ལྕགས་ལྟར
ཉག་ཁ་རྫོབ་པོ་དེ་རུ་ལུས་ཡོད

རང་དབང་གི་སྤང་ཐང་དེ་གཞན་ལ་འགྱུར་རྗེས
ལུ་གུ་ཞིག་གི་ས་གཞི་རྡུལ་གྱི་རྨས་སོང
རི་གླུ་དགུ་ཚིག་ཅན་དེ་སྨུག་པའི་པང་ནས་བླངས་ཡོད
བཞོ་དབྱངས་སྒལ་ཚིགས་ཅན་དེ་སེམས་ཀྱི་ལྷས་ནས་བཀུག་ཡོད
ཁང་ལེབ་སྐྱ་བོ་དེའང་དུས་ཀྱི་མཆེ་བར་ན་འདར

ཐག་དྲུད་བྱས་པའི་འབྲོང་ཁྱུ་ཤི་སོང
འཇའ་ཚོན་གྱི་ཟེགས་མ་ས་རུ་འཐོར་སོང
ལམ་འགྲམ་གྱི་ལྗོན་པ་དག་ཀྱང་ཤི་སོང
རྒྱང་རིང་གི་མགྲོན་པོ་དེ་ག་ལེར་ཕེབས་དུས
ཕ་ཡུལ་གྱི་སྙིང་རྩིད་མེ་ལ་ཤོར་བ་ཚོར་བྱུང
དེ་བས ཁ་དོག་མེད་པའི་ཉི་འོད་ཀྱི་ཁ་ཡིག་ནི
ནམ་ཡང་ཕམ་མི་སྲིད་ཅེས་པ་དེ་ཡིན་སྲིད་ཨང

ཡིད་ཆས་ཀྱི་མེ་ལོང་དུ་ཤར་བའི་རི་མོ
ལག་པའི་མཐིལ་དུ་བརྩིགས་པའི་ཕོ་བྲང
དྲན་པའི་བརྙན་རིས་སུ་ཇི་ལྟར་བྲིས་ནའང
ཁྱེད་ཀྱིས་དོན་ལོག་གིས་ང་རང་ཐེངས་མང་བསད་མྱོང
ཁྱེད་ཀྱིས་ཞེན་མདའ་ཡིས་ང་རང་གང་མང་རྨས་མྱོང
འདི་ནི་སྐྱེ་བ་ཕྱི་མའི་ལས་དབང་ཞིག་ཡིན
ལས་དབང་གི་འཐབ་ར་ཞིག་ཡིན

བྱམས་པ་ནི་བརྩེ་བའི་ལྷ་ཞིག་ཡིན་ཟེར
འདས་ལོག་གི་བདེ་སྨོན་ཚར་འགའ
ས་སྲོད་ལ་ངག་ནས་བཙན་གྱིས་བཟློས་ནའང
བདེ་སྐྱིད་ཀྱི་སྐར་མདའ་མང་པོས
དྭངས་གཙང་གི་ནམ་མཁའ་གཤགས་ནས་བུད་སོང
མཛེས་སྡུག་གི་ཐང་ཆེན་བརྒལ་ནས་བུད་སོང
སྐབས་སྐབས་སུ ཡིད་ཀྱི་ས་མཚམས་སུ་སླེབས་ན
ངས་རང་གི་གཏམ་རྒྱུད་ཁྱོད་ལ་བཤད་ངེས

             ༥
འཆི་བ་ནི་སྙན་ངག་ཅིག་གི་རྟོག་པ་ཡིན་པས
བཙུན་པ་ཞིག་གི་རལ་བའང་ཡིན་ཆོག
འཇིགས་པ་ནི་ཁ་བ་ཞིག་གི་ལང་ཚོ་ཡིན་པས
ནད་པ་ཞིག་གི་སྨན་ཡིག་ཀྱང་ཡིད་སྲིད

རྒྱུ་ཉོག་ཅན་གྱི་རི་བོ་ཞིག་གི་རུལ་དྲི་ཚོར་བས
བྱིས་པ་ཞིག་གི་རྨི་ལམ་གསར་བ་ཞིག་རྨིས་བྱུང
རྩྭི་ཤིང་གི་འཇིག་རྟེན་ལས་མེ་ཏོག་བཞད
མཚན་མོའི་མཚན་ཁུ་རུ་ཡུག་པོ་སྐྱེས
ཡང་ན ངག་གི་མཚོ་འགྲམ་དུ་མུན་པ་འཁྲུངས

རང་ལ་ཡོད་པའི་ངོ་གདོང་གི་གཟུགས་བརྙན་ཁྲ་ཁྲ
གཙང་བོ་ཞིག་གི་སྐད་ཆ་ལས་འོད་དུ་འཚེར་ནའང
ཆེས་འཇམ་མཉེན་གྱི་གཤོག་པ་ཕྲ་མོ་དེ
སྤྲིན་པའི་མེ་ཏོག་སྟེང་ནས་བརྐྱངས་ཏེ
ཡིད་འོང་གི་ཟིན་བྲིས་ཤིག་ཏུ་བབས་ཡོད
རྒྱུ་མཚན་དར་སྐུད་འདྲ་ཞིག་ཡོད་པ་ནི
ནམ་ཡང་མིག་གི་ཁབ་རྩེ་རུ་ལྷོད་ཀྱིས་བབས་པ་དེ་རེད

སྙིང་ཉེ་ཁྱོད་ལ་སྙིང་ཉེ་བའི་སྡེར་མ་ཞིག་ཡོད
སྡེར་མ་དེའི་མིང་ལ་ཕ་ཡུལ་ཞེས་བཏགས་ཆོག
སྡེར་མ་དེའི་ནང་དུ་ཁྱོད་ཀྱིས་ཅི་ཡང་ཟས་ཆོག
ཡང་ན ཅི་ཡང་བཤད་ཀྱང་ཆོག

ཀྱེ ང་ནི་གྲིབ་མ་ཞིག་གི་ཤི་རོ་དེ་རེད་མ་བསམ
ང་ནི་ཁྱེད་ལ་སྲོག་ལེགས་སྐྱེས་སུ་འབུལ་མཁན་དེ་ཡིན
ང་ནི་ཁྱེད་ལ་མིག་གི་དཔལ་ཡོན་གནང་མཁན་དེ་ཡིན

ནམ་ཡང་ལྷོད་མི་སྲིད ལྷོད་ནའང་འཆི་མི་སྲིད
སྲོག་གི་ཁྲག་དམར་གྱི་གདུ་འཕྱུར་དེ་བསམ་ནས
བློ་གྲོས་ལ་ས་རྡུལ་ཆགས་ནའང
རིག་པ་ལ་བཙའ་ཆགས་ནའང
ང་ནི་ཁྱེད་ལ་བློ་དཀར་གྱི་ཁྭ་ཏ་དེ་ཡིན
ཁྭ་ཏ་རྟུལ་ཕོད་ཅན་དེ་ཡིན

2014.12.28ཉིན་འགོ་བརྩམ།
2015.2.26མཚན་མོར་གྲུབ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་བརྒྱའི་སྡིག་སྒྲིབ།༼ སྙན་ངག་རིང་མོ ༽

2015-06-08 གདོན་མིག༼ ལན་ཀྲུ ༽ ཀློག་གྲངས། མཆན ཡོད།

             ༡
ང་རང་མུན་ནག་གི་ལག་མཐིལ་དུ་སྐྱེས་དུས
སྨྱོན་པའི་ཟིན་ཐོ་ཞིག་དང་ཁྭ་ཏའི་གཟེངས་རྟགས་ཤིག
མིག་གི་སྒེའུ་ཁུང་དུ་ས་རྡུལ་གྱིས་བརླན་ཡོད་ལ
ནམ་མཁའ་ཐེད་པོ་ཞིག་གི་ཁ་དོག་ཀྱང
མུན་ནག་གི་ས་ཁྲ་ཞིག་ལ་འདྲེས་ནས་ཡོད

ལྕགས་ཐབ་ཀྱི་ངར་དྲི་ཡིས
རྔུལ་ཆུ་ནག་པོ་ཞིག་དེ་མུར་བསྐམས་ཤིང
བ་སྤུའི་ཚོམ་ནི་ཧར་གྱིས་བྲེགས་སོང
དེ་དུས རླུང་གིས་དེད་པའི་རྐྱང་རྒོད་ཅིག
རང་དབང་གི་གཡང་གཟར་ལ་མཆོངས་པ་ནི
སྐྱེ་བ་སྔོན་མའི་རྨི་ལམ་དེ་རྨིས་པས་ཡིན་སྲིད

བྱ་གླག་ཅིག་གིས་ནམ་མཁར་གྱེན་ལོག་བྱས
གཤོག་པས་མདའ་གྲི་བཟུང་ཏེ་གྱེན་ལོག་བྱས
ཡང་ན དཀར་ལ་ནག་པོའི་སྤྲིན་པར་གྱེན་ལོག་བྱས
ལས་དབང་གི་ལྷན་པ་མང་པོའང
སྐྱི་སྤགས་བཤུ་བ་ལྟར ས་ཤུན་བཀོག་པ་བཞིན

ཐལ་བ་སྤར་མོ་གང་སྨོན་ལམ་གྱི་ཚབ་ཏུ་ཆུ་ལ་བཏབ
དོང་རིམ་པ་དགུ་ལས་སྐྱེས་པའི་མེ་ཏོག་དག་གི་དྲན་པ་གསོས
རྡོ་བ་མང་པོ་ཞིག་གི་སེམས་ཐོག་ཏུ་ཆུ་བླུགས
ནད་རྙིང་གི་རྨ་ཁ་རུ་རས་ཐུམ་ཡང་ཡང་རྒྱབ
དེ་ལྟར མཚན་མོ་རྡོག་པས་བརྫིས་ནས
ཁྱེད་ཕྱོགས་སུ་གོམ་པ་ནན་གྱིས་བཞག་དུས
ཡིད་ཚིམ་པའི་སྐྱེ་རེངས་ཤིག་སྐྱེ་བ་འདི་ལ་མི་འདུག
རློམ་ཆོག་པའི་དབྱར་ཁ་ཞིག་ན་ཚོད་འདི་ལ་མི་འདུག

ངལ་དུབ་ཀྱིས་ལུས་པོ་གཅུར་བ་དེ
སེམས་ཀྱི་མཐིལ་ལ་རྡོ་ཕུང་ཉིལ་བ་འདྲ
སུན་སྣང་གིས་རྣམ་ཤེས་རྨས་པ་དེ
ཚོར་བ་ཡི་གདོང་ལ་ཁ་བ་བབས་པ་དང་ཅི་འདྲའི་མཚུངས་ཨང

ཉིན་མཚན་གྱི་འདྲེས་མཚམས་སུ་སྙན་ངག་ཅིག་བྲིས་པས
ཐོད་རུས་ཀྱི་ཉིན་སྲིབ་ལ་སྡིག་སྒྲིབ་ཀྱི་སྨུག་པ་འཁོར་སོང
ཕྱིར་དྲན་གྱི་གཙང་བོའང་མུ་ནས་མུ་རུ་བཞུར་སོང
སྐབས་སྐབས་སུ མིག་ཆུ་ལྡོག་འགའ
སྙུག་རྩེ་ནས་ལྷོད་ཀྱིས་ལྷ་ཡུལ་ལ་བབས

ཞག་མ་གྱ་དགུ་ལ་ཁྱོད་གཅིག་པུ་དྲན
ཁྱོད་ཀྱི་མཆིན་པའི་དྲོ་འཁྱག་དང་ཁྲག་གི་ཁ་དོག་དྲན
ད་དུང ཁྱོད་ཀྱི་སེམས་སུ་རུམ་པའི་ལོ་ཟླ་དེ་དག་དྲན
དྲན་དྲན་མཐར་ང་རང་ཉིད་དྲན་དུ་བཅུག་སོང

ལོ་མ་ཞིག་ལ་ཤར་བའི་ལོ་རྒྱུས་སེར་པོ་དེ
སྟོན་རླུང་གིས་ཆུ་ཕྲན་ཞིག་ལ་བསྐུར་དུས
རྒྱང་རིང་གི་གངས་རི་དག་འགུལ་ཞིང
གནམ་མཐའི་མཚོ་མོ་སྐྱོམ་པ་ནི
སྐད་ཆ་དཀར་པོ་ཞིག་མེ་ལ་ཚིགས་སོང་བས་ཅི་ལ་མི

            ༢
ཕྱིར་མི་ལྡོག་པའི་བློ་སྤོབས་ཀྱིས
བྲང་གི་མི་ཡུལ་ལ་ལྕགས་རི་བསྐོར་ཞིང
མིག་གི་བཙན་རྫོང་ལ་མེ་ཏོག་མང་པོ་བཏབ་བྱུང
དེ་བས ང་རང་ཁེར་རྐྱང་དུ་འགྲོ་དགོས་པ་དང
ཐོད་ལ་སྤྲིན་པ་བཏེགས་ཏེ་འགྲོ་དགོས་པའང་འདི་ཡིན

གཞན་གྱིས་བཤད་ན་ང་ནི་ཁྭ་ཏ་ཞིག་རེད་ཟེར
དྲང་མོར་བཤད་ན ང་ནི་ཕོ་རོག་ཅིག་ཡིན
རླུང་དམར་འུར་འུར་ཁྲོད་གཤོག་པ་བརྐྱོངས་ཐུབ་པའི་ཕོ་རོག་ཅིག
ཡང་ན རླུང་དམར་ཁྲོད་རང་དབང་འཚོལ་མཁན་གྱི་ཕོ་རོག་ཅིག་ཡིན
རང་དབང་གི་འཚོ་བ་འཚོལ་མཁན་གྱི་ཕོ་རོག་ཅིག

ས་འདམ་གྱི་སེང་གེ་ཞིག་མཚན་མོའི་གཙང་བོར་བརྒལ་སོང
ཤོག་བུའི་ཁྱུང་ཆེན་ཞིག་ནམ་མཁར་འཕུར་སོང
ཡུལ་མི་དག་གི་དད་པའང་རླུང་གིས་དེད་སོང
སྐར་མ་སྐེ་རྒྱན་དུ་བཏགས་པའི་བུ་ཆུང་ཞིག
རྩྭ་སྤུང་ཞིག་ལ་འཇུས་ནས་ཡང་ཡང་ངུས
ངུས་ནས་ས་གཞི་བརླན་པར་བྱས་སོང

ཞྭ་མོ་ནག་པོ་ཞིག་སྐུད་ནག་གིས་གཙག་གྲུབ་བྱས་པ་དེ
གངས་རི་དཀར་པོ་ཞིག་ལ་བཙན་གྱིས་གཡོག་ཀྱང
ལྡེབས་རིས་སུ་བརྐོས་ཡོད་པའི་བློ་གྲོས་ཀྱི་ཁ་དོག་ནི
ཇི་སྲིད་བར་དུ་དྲི་མེད་དྭངས་གཙང་གིས་བཞུར་ངེས

སྙོམས་པར་མོས་དྲག་པ་དེ་ཅིའི་ཕྱིར
ངག་ལ་སྒོ་ལྕགས་རྒྱག་པ་དེ་ཅིའི་ཕྱིར
ཁྱོད་ནི་སུ་ཞིག་ཡིན གང་ལྟར
ཀུན་ལ་དབང་བའི་ནམ་མཁའ་ཡིན་མི་སྲིད

             ༣
གནམ་སའི་མཚམས་ནས་འཕྱུར་བའི་ས་རྡུལ
རྒྱ་མཚོའི་གཏིང་ནས་སྐྱེས་པའི་མེ་ཏོག
སེམས་པའི་ཉིན་སྲིབ་ནས་བབས་པའི་ཁ་བ
ཡང་ན ཚོར་བའི་མཇིང་ལ་བཏགས་པའི་སྐད་ཆ་དག
ལོ་ཟླའི་རྩུབ་བརྡར་ཁྲོད་ཉི་མ་བཞིན་དུ་གསལ་ངེས

གངས་རི་ཡར་ལ་འཕག་པའི་སླད་དུ
མུན་པའི་སྒེའུ་ཁུང་ཕྱེ་བའི་ཆེད་དུ
ང་རང་ལྕགས་ཀྱི་ཚེར་མ་བཞིན
ཁྱེད་ཀྱི་མིག་གི་སྲུབས་ཀ་རུ་སྐྱེས་ཡོད
ཡིན་ནའང སྲ་མཁྲེགས་ལ་གློ་བ་གླན་མཁན་གྱི་ཁྱོད་རང
ཨུ་ཚུགས་ཀྱིས་རི་ཚོགས་ལ་ཁེན་ནས
མུན་པའི་ནང་ལ་ག་ལེར་ལོག་སོང

སུས་ཀྱང་གོ་མྱོང་བའི་གཏམ་རྒྱུད་དེ
འགོ་རྩོམ་དུས་ཀྱང་ནག་པོ་ཞིག་ཡིན་ལ
མཇུག་བསྡུ་དུས་ཀྱང་ནག་པོ་ཞིག་རེད
དེ་བས དེ་བཤད་མཁན་གྱི་མིའང་ནག་པོ་ཞིག་ཡིན

ཁ་རོག་གེར་ཁེར་རྐྱང་གིས་ངུས་པ
གང་འདོད་དུ་རྒྱུ་མཚན་མི་འདྲི་རོགས
ཡོད་ཚད་རྨི་ལམ་གྱི་ཚབ་ཏུ་ངུས་པ་ཡིན

རེ་བ་རུམ་གང་ཁྱེར་ནས་ལམ་ལ་ཆས་ནའང
རེ་བའི་དབྱར་ཁ་དེ་སླེབས་མི་སྲིད་པ
འདི་ལྟར ཁྱོད་རང་ཆུ་རྙོག་ལྟར་བཞུར་བས་རེད

ངས་བདེན་མིན་གྱི་རི་རྩེ་ཇི་ལྟར་བསྟན་ཡང
ངས་དཀར་ནག་གི་ཡི་གེ་ཅི་ཙམ་བྲིས་ཀྱང
ཤིང་དང་རྡོ་བ་འདྲ་བའི་ཁོ་ཚོ་ལ
ཁྲག་དང་མིག་ཆུ་མི་འདུག
དྲན་པ་དང་གདུང་བ་མི་འདུག ཚོར་བ་མི་འདུག

དབྱངས་རྟ་ནག་པོ་ཞིག བག་ཆགས་རློན་པ་ཞིག
མུན་པ་གདུ་བའི་དོང་ནང་དུ་འཕྱུར་སོང
རུས་པ་ནག་པོ་ཞིག སྐྲ་ལོ་སྐྱ་བོ་ཞིག
འོད་ཀྱི་སྲུབས་ཀ་ནས་རྙིད་ཀྱང་རྒས་སོང
དེ་དུས སྙིང་གི་གྲོག་རོང་དུ་ལྕེབས་པའི་འབྲོང་རྒོད་དག
སེམས་ཀྱི་གངས་འདབས་སུ་ད་དུང་གསོན་ཡོད

ཁ་བྱང་མེད་ལ་མིང་ཡང་མེད་པའི་མི་ཞིག
ལམ་ཕྲན་ཐེད་པོ་ཞིག་ལ་དུངས་དྲག་ནའང
ཁ་རླངས་བཙན་པོ་ཞིག་གི་སྡིག་སྒྲིབ་ཀྱིས
ལས་དབང་གི་སྒྲོག་ལ་རྒྱབ་པས
ཚོན་མདངས་ཀྱི་མིང་ཐོ་ཞིག
ཁྱེད་ཀྱི་སྒོ་བྱང་དུ་འགྱུར་བར་སྨོན

            ༤
ཚིག་གིས་མཚོན་མི་ཐུབ་པའི་ན་ཟུག་གི་ཚོགས
ཁྲག་གི་སྦུབས་སུ་བརྒྱུད་ནས་ཐོད་ཀྱིས་འཕྱུར་པ
ཁྱེད་ཀྱི་ནམ་མཁའ་ནས་རྒོད་པོ་ཤི་བས་ཡིན
སྐྱོ་བའི་རི་མོ ངུ་བའི་དབྱངས་ཡིག
ཡང་ན དུར་ཁྲོད་ཀྱི་སྣང་བ་བར་མ་ནི
དམྱལ་བའི་ཞིང་ཁམས་སུ་དབྱར་ལྟར་སྨིན

སྦར་ཆོག རྣམ་ཤེས་སྦར་ཆོག བརྩེ་བ་སྦར་ཆོག
སྙན་ངག་དང་ཚིག་འབྲུ་རེ་རེ་སྦར་ཆོག
ཁྱོད་ནི་ན་ནིང་ཚིག་པའི་མེ་ཏོག་དེ་ཨེ་ཡིན
ཁྱོད་ནི་ད་ལོར་ཐལ་བར་གྱུར་བའི་ལྕི་བ་དེ་ཨེ་ཡིན

དེ་དུས ང་བཟི་མྱོང རབ་ཏུ་བཟི་མྱོང
སྐྱོའང་མྱོང ཤིན་དུ་སྐྱོ་མྱོང
མཐའ་འཁོར་གྱི་རྡོ་བ་འདྲ་བའི་མི་དག
འཁྱག་ཐག་ཆོད་པའི་རོ་ལྟར ཡང་ན ལྕགས་ལྟར
ཉག་ཁ་རྫོབ་པོ་དེ་རུ་ལུས་ཡོད

རང་དབང་གི་སྤང་ཐང་དེ་གཞན་ལ་འགྱུར་རྗེས
ལུ་གུ་ཞིག་གི་ས་གཞི་རྡུལ་གྱི་རྨས་སོང
རི་གླུ་དགུ་ཚིག་ཅན་དེ་སྨུག་པའི་པང་ནས་བླངས་ཡོད
བཞོ་དབྱངས་སྒལ་ཚིགས་ཅན་དེ་སེམས་ཀྱི་ལྷས་ནས་བཀུག་ཡོད
ཁང་ལེབ་སྐྱ་བོ་དེའང་དུས་ཀྱི་མཆེ་བར་ན་འདར

ཐག་དྲུད་བྱས་པའི་འབྲོང་ཁྱུ་ཤི་སོང
འཇའ་ཚོན་གྱི་ཟེགས་མ་ས་རུ་འཐོར་སོང
ལམ་འགྲམ་གྱི་ལྗོན་པ་དག་ཀྱང་ཤི་སོང
རྒྱང་རིང་གི་མགྲོན་པོ་དེ་ག་ལེར་ཕེབས་དུས
ཕ་ཡུལ་གྱི་སྙིང་རྩིད་མེ་ལ་ཤོར་བ་ཚོར་བྱུང
དེ་བས ཁ་དོག་མེད་པའི་ཉི་འོད་ཀྱི་ཁ་ཡིག་ནི
ནམ་ཡང་ཕམ་མི་སྲིད་ཅེས་པ་དེ་ཡིན་སྲིད་ཨང

ཡིད་ཆས་ཀྱི་མེ་ལོང་དུ་ཤར་བའི་རི་མོ
ལག་པའི་མཐིལ་དུ་བརྩིགས་པའི་ཕོ་བྲང
དྲན་པའི་བརྙན་རིས་སུ་ཇི་ལྟར་བྲིས་ནའང
ཁྱེད་ཀྱིས་དོན་ལོག་གིས་ང་རང་ཐེངས་མང་བསད་མྱོང
ཁྱེད་ཀྱིས་ཞེན་མདའ་ཡིས་ང་རང་གང་མང་རྨས་མྱོང
འདི་ནི་སྐྱེ་བ་ཕྱི་མའི་ལས་དབང་ཞིག་ཡིན
ལས་དབང་གི་འཐབ་ར་ཞིག་ཡིན

བྱམས་པ་ནི་བརྩེ་བའི་ལྷ་ཞིག་ཡིན་ཟེར
འདས་ལོག་གི་བདེ་སྨོན་ཚར་འགའ
ས་སྲོད་ལ་ངག་ནས་བཙན་གྱིས་བཟློས་ནའང
བདེ་སྐྱིད་ཀྱི་སྐར་མདའ་མང་པོས
དྭངས་གཙང་གི་ནམ་མཁའ་གཤགས་ནས་བུད་སོང
མཛེས་སྡུག་གི་ཐང་ཆེན་བརྒལ་ནས་བུད་སོང
སྐབས་སྐབས་སུ ཡིད་ཀྱི་ས་མཚམས་སུ་སླེབས་ན
ངས་རང་གི་གཏམ་རྒྱུད་ཁྱོད་ལ་བཤད་ངེས

             ༥
འཆི་བ་ནི་སྙན་ངག་ཅིག་གི་རྟོག་པ་ཡིན་པས
བཙུན་པ་ཞིག་གི་རལ་བའང་ཡིན་ཆོག
འཇིགས་པ་ནི་ཁ་བ་ཞིག་གི་ལང་ཚོ་ཡིན་པས
ནད་པ་ཞིག་གི་སྨན་ཡིག་ཀྱང་ཡིད་སྲིད

རྒྱུ་ཉོག་ཅན་གྱི་རི་བོ་ཞིག་གི་རུལ་དྲི་ཚོར་བས
བྱིས་པ་ཞིག་གི་རྨི་ལམ་གསར་བ་ཞིག་རྨིས་བྱུང
རྩྭི་ཤིང་གི་འཇིག་རྟེན་ལས་མེ་ཏོག་བཞད
མཚན་མོའི་མཚན་ཁུ་རུ་ཡུག་པོ་སྐྱེས
ཡང་ན ངག་གི་མཚོ་འགྲམ་དུ་མུན་པ་འཁྲུངས

རང་ལ་ཡོད་པའི་ངོ་གདོང་གི་གཟུགས་བརྙན་ཁྲ་ཁྲ
གཙང་བོ་ཞིག་གི་སྐད་ཆ་ལས་འོད་དུ་འཚེར་ནའང
ཆེས་འཇམ་མཉེན་གྱི་གཤོག་པ་ཕྲ་མོ་དེ
སྤྲིན་པའི་མེ་ཏོག་སྟེང་ནས་བརྐྱངས་ཏེ
ཡིད་འོང་གི་ཟིན་བྲིས་ཤིག་ཏུ་བབས་ཡོད
རྒྱུ་མཚན་དར་སྐུད་འདྲ་ཞིག་ཡོད་པ་ནི
ནམ་ཡང་མིག་གི་ཁབ་རྩེ་རུ་ལྷོད་ཀྱིས་བབས་པ་དེ་རེད

སྙིང་ཉེ་ཁྱོད་ལ་སྙིང་ཉེ་བའི་སྡེར་མ་ཞིག་ཡོད
སྡེར་མ་དེའི་མིང་ལ་ཕ་ཡུལ་ཞེས་བཏགས་ཆོག
སྡེར་མ་དེའི་ནང་དུ་ཁྱོད་ཀྱིས་ཅི་ཡང་ཟས་ཆོག
ཡང་ན ཅི་ཡང་བཤད་ཀྱང་ཆོག

ཀྱེ ང་ནི་གྲིབ་མ་ཞིག་གི་ཤི་རོ་དེ་རེད་མ་བསམ
ང་ནི་ཁྱེད་ལ་སྲོག་ལེགས་སྐྱེས་སུ་འབུལ་མཁན་དེ་ཡིན
ང་ནི་ཁྱེད་ལ་མིག་གི་དཔལ་ཡོན་གནང་མཁན་དེ་ཡིན

ནམ་ཡང་ལྷོད་མི་སྲིད ལྷོད་ནའང་འཆི་མི་སྲིད
སྲོག་གི་ཁྲག་དམར་གྱི་གདུ་འཕྱུར་དེ་བསམ་ནས
བློ་གྲོས་ལ་ས་རྡུལ་ཆགས་ནའང
རིག་པ་ལ་བཙའ་ཆགས་ནའང
ང་ནི་ཁྱེད་ལ་བློ་དཀར་གྱི་ཁྭ་ཏ་དེ་ཡིན
ཁྭ་ཏ་རྟུལ་ཕོད་ཅན་དེ་ཡིན

2014.12.28ཉིན་འགོ་བརྩམ།
2015.2.26མཚན་མོར་གྲུབ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།