གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཧྲེང་གི་སྙན་ངག་ཚན་པ་དྲུག

2015-07-03 10:50:10 མི་ཧྲེང་། ཀློག་གྲངས། མཆན ཡོད།


              ༡ ཆང་འཐུང་བ

མུན་ནག་གི་ངོ་མདངས་དེ་ཇེ་དྭངས་ནས་ཇེ་ཡག་ཏུ་ཕྱིན་ལ
སེམས་ཀྱི་ཁང་མིག་ཏུ་གློག་སྒྲོན་ཞིག་འོད་གསལ་གྱུར་ལེར་བཏགས་བྱུང
མཚན་མོའི་ཉི་མ་ཆེན་པོ་དེ་ངའི་མེ་ལོང་ངོས་སུ་ལྷུང་སོང་བས
སྐར་ཚོགས་ཀྱི་ཡལ་འདབ་ལའང་མིག་ཟུང་ཐོགས
ཉི་མ་ཡི་མིག་ཟུང་མ་ཕྱེས་གོང་ནམ་ལངས་སོང་བས
གྲང་རག་གི་ལག་པས་རྐང་བའི་མཐེབ་ཆུང་རེ་རེ་གཅུས་ལ
ཕྱི་རོལ་ནས་ཁ་བ་ཞུ་བའི་ཁྲོག་སྒྲ་རྣ་བའི་ཐང་གཞུང་བཤགས་ནས་བཞུར་ཡོང་ཞིང
མི་རེ་རེའི་ངོ་གདོང་ན་དཔྱངས་པའི་མེ་ཏོག་གི་གློག་སྒྲོན་དེའང་གཏན་དུ་སྐམ་སོང་།

 

              ༢ མེ་ཏོག་དཀར་བོར་སྨོན་པ།

                               __དམག་འཁྲུག་སྐོར་གྱི་གློག་བརྙན་ཞིག་ལ་བལྟས་རྗེས།

 

མེ་ཏོག་དཀར་བོ་དེ་ལས་མེ་ཏོག་དམར་བོ་ཞིག་སྐྱེས་པ་དང་མཉམ་དུ
མེ་ཏོག་དམར་བོ་དེ་ལས་མེ་ཏོག་ནག་པོ་ཞིག་ཀྱང་སྐྱེས་བྱུང
མཛའ་བོའི་སེན་བར་ནས་སྐྱེས་སོང་བའི་འཕྲིན་པ་དམར་པོ་དེ་མེ་ཏོག་ནག་པོ་ཞིག་ཏུ་གྱུར་ལ
མཁའ་དབུགས་ནག་པོས་བཏུམས་པའི་ནམ་མཁའ་ནག་པོའི་ངོ་གདོང་ལ་འབྱར་སོང
མཛའ་མོའི་མིག་ནང་ནས་མིག་ཆུ་དམར་བོ་རྡོག་གཅིག་ཡར་འཕུར་དེ་མེ་ཏོག་ནག་པོ་དེའི་ཟེའུ་འབྲུའི་ནང་འཐིམ་སོང
རྨི་ལམ་དུ ངས་རང་ཉིད་ཀྱི་ལག་ཕྱིས་དཀར་བོ་དེ་མཁའ་དབྱིངས་སུ་གཡུགས་ནས་མེ་ཏོག་ནག་པོ་དེ་གཡོགས་བྱུང

 

             ༣ གདོང་འབག

 

མུན་པའི་སྒོ་མོ་ཕྱེས་པས་གཉིད་ཀྱི་སྐར་ཚོགས་ཁྲ་ཆེམ་མེར་བཞད
རྨི་ལམ་གྱི་ལག་པ་གང་སར་འཐོར་ལ་མི་རེ་རེའི་གདོང་གི་ཁ་བར་འཐིམ་འགྲོ
སྔུར་བའི་ཐག་སྣེ་རུ་མེ་ཏོག་སྣ་ཚོགས་བཞད་ལ་གང་སར་འཁུར་དུས
ལྕགས་ཀྱི་རི་ཚོགས་དང་ཁྲག་གི་གཙང་བོ མི་ཚོགས་ཀྱི་ནག་ཡོར་གཏན་ནས་ཡལ་འདུག
མལ་ཐུལ་གྱི་སྒེའུ་ཁུང་ལས་ཉི་མ་དང་ཟླ་བ སྐར་ཚོགས་ཀྱང་མཐོང
ཡིན་ཡང སྐྱ་རེངས་ཀྱི་ལག་ཆས་འོད་ཕུང་གི་ཁང་མིག་ནང་མུན་ནག་བཏབ་རྗེས
ཟ་འཕྲུག་གི་སྡེར་མོ་རྨི་ལམ་གྱི་རྩ་བར་ཟུག་ལ་གཉིད་ཀྱི་མགྲིན་པ་བསྡམས
སྡུག་བསྔལ་གྱི་ལྕགས་སྒྲོག་གིས་དབང་བོ་རེ་རེ་སྨག་ནང་དུ་དྲུད་སོང་བས
ལུས་ཕྱེད་ཀ་དང་གདོང་འབག་ཧྲིལ་བོ་ཞིག་ཁྱེར་ནས་སྒོར་མི་འབུད་ཀ་མེད་བྱུང་།

 

             ༤ རྡུལ་ཕྲན་ཞིག་བྲིས་པ།

 

སྐབས་འདི་དག་དག་ལ
སའི་གོ་ལ་ནི་རྡུལ་ཕྲན་ག་ཚོད་ཅིག་གིས་གྲུབ་ཡོད་པ་དང
ཡང་ན་ཁ་དོག་གང་འདྲ་ཞིག་ཏུ་ངེས་པ
ངས་ཅི་ཡང་མི་མཐོང་ལ མཐོང་ཐུབ་པའི་ནུས་ཤུགས་གང་ཡང་མེད
རྒྱུ་མཚན་ནི་ངས་རང་ཉིད་ཀྱི་རྡུལ་ཕྲན་དེ་ཁོ་ན་དྲན་བྱུང་བས
རྡུལ་ཕྲན་དེ་རྩྭ་རྐང་ཅིག་གི་རྩེར་ལྷུང་ཡོད་ལ
རྒྱང་རིང་གི་དམར་སྨུག་གི་རླུང་འཚུབ་ཆེན་པོ་དེའི་རྔམ་ཟིལ་ལ་བལྟས་ནས
རང་ཉིད་ཀྱི་ཁ་མདོག་ཡང་ཡང་ཕྱིར་མངོན་གྱིན་ཡོད
དེ་དུས ངས་རྡུལ་ཕྲན་དེའི་ཁ་མདོག་ལ་ཅེར་ནས
ཆེས་མཐའ་མཇུག་གི་ཁ་དོག་དག་དྲན་ལ
རྡུལ་ཕྲན་དེ་དང་རང་ཉིད་ཀྱི་ཁ་དོག་ལྷན་ཅིག་ཏུ་བསྲེས་ནས
དམར་སྨུག་གི་ཁ་དོག་གཞན་ཞིག་མཆེད་དུ་བཅུག་པ་དང
ངས་རང་ཉིད་ལ་འཆི་སྟངས་གཞན་ཞིག་ཀྱང་སྔ་མོ་ནས་བཟོས་ཚར་ཡོང

 

             ༥ ཉིན་བརྒྱད་པོ།

ངས་གདོང་ལ་གཉེར་མས་ཐམ་ཁ་རྒྱག་ཕོད་པའི་ལོ་ཟླ་དེ་ད་ནི་རེ་ཞིག་གླེང་མི་འདོད
དེ་གླེང་དུས་རང་སྲོག་གཅོད་བྱེད་ཀྱི་ཐག་པ་ལྟ་བུའི་གཞུང་ལུགས་ཅིག་བསྣར་ནས་ཡོང་ཁོ་ཐག་ཡིན

དེའི་འཕྲོར བརྩེ་དུང་ཅེས་བའི་འགྱིག་བཟོས་བྱིས་པ་ཅིག་དང་འདྲ་བའི་ཕོ་ནས་མནན་ན་ཐག་ཐག་དགོད་པའི་རྩེད་ཆས་དེའང་ཕར་ཞོག་ཅིག
ང་འདྲ་བའི་བུ་ངན་ཅིག་གི་ས་ཁོངས་དང་དབང་ཆ་ཡོད་ཚད་ཇིང་གེར་ཧན་གྱིས་གོ་ལ་དབང་དུ་སྡུད་སྡུད་ཀྱིས་དེས་ཀྱང་དབང་དུ་སྡུད་ངེས་ཡིན

ད་ལྟ་ང་ལ་སེམས་ཚེགས་བཟོ་མཁན་ནི་ཉིན་བརྒྱད་པོ་དེ་རེད
འདི་ནས་ཕར་ལ་བརྩིས་ན་ཁྱོ་ག་ལས་ངན་ཞིག་གི་ཆུང་མའི་ཟླ་མཚན་བཞུར་ཡུན་གྱི་ཉིན་བརྒྱད་པོ་དེ་རེད
ཡང་ན་ངའི་ངོ་ཤེས་ཀྱི་མི་བཞི་ཤི་ནས་མི་བཞི་ལ་བུ་རེ་སྐྱེ་སྲིད་པའི་ཉིན་བརྒྱད་པོ་དེ་རེད

མི་ཚེ་ནི་ང་ཚོ་དགོད་སྐབས་ཀྱི་འཛུམ་མདངས་ངོ་མ་ཞིག་ལྟར་ཧ་ཅང་ཐུང་ནའང
ཉིན་བརྒྱད་པོ་འདིའི་ནང་འཛམ་གླིང་ཐོག་བྱུང་མ་མྱོང་བའི་འཇིགས་སྐུལ་གྱི་དོན་རྐྱེན་བརྒྱད་བྱུང་སྲིད་ལ
ངས་ལྷ་ཡུལ་ནས་དམྱལ་ཁམས་དབར་ལ་སྡུག་བསྔལ་དང་དོགས་སྣང་གིས་བཟོས་པའི་ཟམ་པ་ཞིག་དཔྱངས་ནས་འགྲུབ་པར་ཡང་ཐེ་ཚོམ་ཅི་ཡང་མེད
དེ་བས ཉིན་བརྒྱད་པོ་འདི་ཧ་ཅང་རིང་གི

 

              ༦ ལྕགས་རི།

                         ___ཚ་མོ་གདུགས་སྒྲོལ་གྱི་གཉེན་སྟོན་ལ།

ཕ་རྒན་གྱི་འདོམས་རྩིད་ནི་སྟུག་ཅིང་ནག་ལ་རླུང་འཚུབ་ཅིག་དང་འདྲ་བར་བརླ་བར་ན་འཁོར་ཅིང་ལྡང་མོད
བུ་ཕྲུག་ཚོ་འདོགས་བྱེད་ཀྱི་སྔགས་དམ་པའི་ཕྱག་མདུད་རེ་བཟོ་ཐུབ་པ་ཙམ་རེད

སྐྱེས་མ་ཐག་སུ་ཡང་མཇེ་གེར་གེར་འགྲེང་མཁན་གྱི་ཅིག་འཕུར་ལོས་འགྲོ་འདོད་སྤྱད་དག་དག་ཡིན་མོད
མ་རྒན་གྱིས་ཕྱོགས་རེས་མེད་པར་མཇེ་ཤུབས་དྲོན་མོ་རེ་བཟོས་ནས་ངེད་ཚང་གི་མལ་ས་དེ་བསྟན་པ་ན
ཁོ་ཚོ་ཡང་ཅིག་ལ་ཅལ་སེར་ལྷུང་འགྲོ་ལ་ནུར་གོག་བྱེད་མཁན་གྱི་སྲོག་ཆགས་གཡུང་མ་དག་དག་ལ་འགྱུར་འགྲོ་བ་རེད

ཡིན་ཡང ཁྱོད་ནི་ལྕགས་རིའི་ཕྱི་རོལ་ལ་བྲོས་ཐལ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།