གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་བསྟོད་གླུ་ཞིག་ལེན་འདོད།

2015-07-17 08:49:36 འབྲོང་ཚ། ཀློག་གྲངས། མཆན ཡོད།


ངས་བསྟོད་གླུ་ཞིག་ལེན་འདོད་དེ།
གནའ་བོའི་ངོ་མཚར་གྱི་སྐད་རིགས་ལམ་ནས།
མི་སེམས་གཡོ་བའི་མགྲིན་པ་མཐོ་རུ་བཏེགས་ཏེ།
མེས་པོ་ཚོའི་རླབས་ཆེན་གྱི་མཛད་པ་དག་གླུ་རུ་གྱེར་འདོད།

གླུ་སྐད་དེ།
ཇོ་མོ་གླང་མའི་དབུ་རྩེ་ནས་མ་གཏོགས་ཐོས་མི་ཐུབ་ལ།
ཡར་ཀླུང་གཙང་པོའི་མགོ་ཁུངས་ནས་མ་གཏོགས་འཚོལ་མི་བཏུབ།

གལ་སྲིད།
བདག་གི་གླུ་སྐད་ལ་ཁྱེད་རང་སྤྲོ་བ་མེད་པའམ།
བདག་གི་གླུ་སྐད་ཀྱིས་ཁྱེད་ཀྱི་སེམས་ལ་གཡོ་སྒུལ་གཏོང་མ་ཐུབ་ཚེ།
དེ་ནི་ང་རང་ལན་པ་མ་ཡིན་གྱི།
ཁྱེད་ཀྱི་རུས་རྐང་ལ་སིམ་པ་དེ་གདོང་དམར་བོད་ཀྱི་ཁྲག་རྒྱུན་མིན་པ་དང་།
ཁྱེད་ཀྱི་བྲང་ཁོག་ན་འཕྱོ་བ་དེའང་བཙན་པོ་བོད་ཀྱི་ལ་རྒྱ་མིན་པས་སོ།།

བདག་གིས་ཕུན་སུམ་ཚོགས་པའི་དབྱངས་རྟ་ངག་ལ་དྲངས་ནས།
སྐྱོ་ལ་རིང་མོའི་གཞས་གདངས་མཐོ་རུ་གྱེར་དུས།
ཁྱེད་ཀྱིས་ཡ་རབས་ཚུལ་བཟང་གི་མིག་ཟུང་ཆེ་རུ་བགྲད་དེ།
གནའ་བོའི་མི་རིགས་འདི་ལ་ཡིད་སེམས་རྣམ་དག་གིས་རྒྱང་ལྟ་ཞིག་བྱེད་པར་འཚལ།

འཛམ་གླིང་གི་མི་རིགས་སོ་སོར་རང་རང་གི་ལོ་རྒྱུས་རེ་ཡོད་ལ།
ལོ་རྒྱུས་དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡང་ཡོད་སྲིད།
ང་ཚོ་ཚང་མས་རང་གི་མི་རིགས་ཀྱི་ངོ་མཚར་ལྡན་པའི་རིག་གནས་ལོ་རྒྱུས་དེར།
རང་སྲོག་འབེན་ལ་བཞག་ནས་སྲུང་སྐྱོབ་དང་།
ལུས་སྲོག་ཐེད་ལ་བོར་ནས་རྒྱུད་འཛིན་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ་སྟེ།
སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པའི་དབང་ཆ་དེ་གཉིས་ནི་གནམ་གྱིས་བསྐོས་པ་ཡིན་སྟབས།
དབང་ཆ་དེ་ལ་གཞན་སུས་ཀྱང་གནོད་འཚེ་བསྐྱལ་མི་ཆོག་ལ།
དབང་ཆ་དེ་གཞན་སུས་ཀྱང་མེད་པར་བཟོས་མི་ཆོག

ལོ་རྒྱུས་ཀྱི་ཆུ་ཀློང་ཆེན་པོའི་རླབས་རྒྱུན་ཁྲོད།
ཤེས་མེད་ཚོར་མེད་ངང་།
ཡང་ན་བལྟས་བལྟས་རིག་རིག་ཏུ།
གཟུགས་མེད་ཀྱི་རླུང་བུས་གཟུགས་ལྡན་གྱི་ཤོག་ལྷེ་འཁུར་བ་བཞིན།
གཞལ་མེད་པའི་ལོ་རྒྱུས་ཀྱི་གླེགས་བམ་མོད་པོ།
རླབས་ཀྱི་ལྦུ་བ་དང་བསྡོངས་ནས།
རྒྱ་མཚོའི་འཇིངས་སུ་ཇི་འདྲའི་ཉམ་ཆུང་ངང་སྣང་ཨང་།
གང་ཞིག་ལྷེམ་ལྷེམ་དུ་མཁའ་རུ་བསྐྱོད་པ་དེ།
ཁ་ཕྱོགས་རྨང་ནས་བོར་ཞིང་།
མཐའ་མ་ཡོངས་སུ་བརླག་འགྲོ་ངེས་ཁོ་ཐག་ཡིན།

གྲོགས་པོ་ལགས།
སེམས་ཁོང་ན་འཕྱོ་བའི་གད་རྒྱངས་དེ་དགུང་ལ་གྱེར་དང་།
ཞབས་འོག་ན་བཏོད་པའི་ཤུལ་རྗེས་དེ་གསལ་ལེར་ཕྲིས་ཤིག
དུས་གཏན་དུ་བརྗེད་མི་རུང་བ་ནི། བརྗེད་མི་རུང་བ་ནི།
མེས་པོས་ཁྱེད་ལ་བཞག་པའི་ཆེས་མཆོག་རུ་གྱུར་བའི་ལེགས་སྐྱེས་དེ་གང་ཡིན་པ་ཤེས་དགོས།
ད་ནི་ལེགས་སྐྱེས་སྟེང་གི་ས་རྡུལ་དག་གཙང་མར་བཀྲུས་རྗེས།
རང་གི་ཤ་ལས་ཆད་པའི་བྱིས་པ་དག་ལ་གཟི་བརྗིད་ཀྱིས་སྩོལ་ཅིག

ཆེས་རྩ་ཆེན་གྱི་ལེགས་སྐྱེས་གང་དེ།
ནམ་ཡང་བསུབ་ཏུ་མེད་པའི་བླ་སྲོག་གསོན་པོ་དེ་ཁོ་ན་ཡིན།
ཁྱེད་ཀྱི་བྱིས་པ་ཚོ་ལེགས་སྐྱེས་དེ་ལ་ཧ་ཅང་དགའ་མོས་ཡོད་པ་ལ།
ང་རང་གཞི་ནས་ཡིད་ཆེས་ཆེན་པོ་ཡོད་མོད།
ཁྱེད་ཀྱི་བྱིས་པ་ཚོས་ལེགས་སྐྱེས་དེ་གཞོགས་གཅིག་ཏུ་བསྐྱུར་ནས་བརྗེད་པར་འགྲོ་བ་ལ།
ང་རང་ཧ་ཅང་སེམས་འཁུར་ཆེན་པོ་ཡོང་།
ནམ་ཞིག་ཁྱེད་ཀྱི་བྱིས་པས་ལེགས་སྐྱེས་དེ་མཁོ་མེད་དུ་བསྐྱུར་བའི་ཅ་ག་ནང་བཞིན།
མིག་གིས་ལྟ་ཙམ་ཡང་མི་བྱེད་དུས།
འོ། དེ་དུས། ང་སྡུག་བསྔལ་གྱི་རྒྱ་མཚོར་འགྲིམ་དགོས་པ་ཐེ་ཚོམ་སྤུ་ཙམ་མེད།

ང་རང་དུས་རབས་འདི་ལ་སྐྱེས་པ་ཡིན་ལ།
དུས་རབས་འདི་ལ་འཆི་འགྲོ་བའི་མི་ཞིག་ཀྱང་ཡིན་པས།
ངས་རང་གི་སེམས་ཁོང་གི་བསྟོད་གླུ་སྙན་མོ་འདི།
མཛའ་བརྩེ་ལྡན་པའི་སྙིང་གི་གྲོགས་པོ་ཡོངས་ལ་གུས་པས་ཕུལ་བ་ལགས།
ཉིད་ཀྱིས་ལྷག་བསམ་རྣལ་མས་བདག་གི་བསྟོད་གླུ་འདི་ལ་གསན་བཞེས་གནང་བ་དང་།
བདག་གི་དབྱངས་འགྲོས་རེ་རེ་ན་སྙན་ཞིང་འཇེབས་པའི་བསྟོད་པའི་ཐ་སྙད་དག་གི་དོན་སྙིང་རྟོགས་པར་སྨོན།
                  2015/3/20 པེ་ཅིན།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

 

 

 

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།