གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་རང་ད་དུང་ཕྱིར་མི་ལོག་གམ།

2015-07-17 09:12:23 གདོན་མིག༼ ལན་ཀྲུ ༽ ཀློག་གྲངས། མཆན ཡོད།


དུས་བཞི་རེས་མོས་ཀྱིས་ང་ལ་སུན་སྣང་སྤྲད་སོང
ནམ་ཟླ་སྐྱ་བོ་ཡིས་ང་ལ་སྐྱོ་གདུང་གནང་སོང
ཁྱོད་རང་ད་དུང་ཕྱིར་མི་ལོག་གམ
དྲན་པའི་རྨི་ལམ་ནང་གི་མི་ལགས
རུས་པའི་དྲོད་ལ་འདྲེས་བའི་མི་ལགས

ད་ཡང་ཉི་མ་ནུབ་ལ་ཡལ་ཟིན
སྐར་ཚོགས་དང་ཟླ་བ
མུན་ནག་གི་རྦ་རླབས་ཁྲོད་ནས་ཡང་ཡང་འདར
སེམས་ལ་མེ་ནུར་བླུགས་པའི་ང་རང་ཡང
རེ་སྒུག་གི་སྨོན་ལམ་ལ་འཐམ་ནས་བསྡད་ཡོད
དེ་བས ཁྱོད་རང་ད་དུང་ཕྱིར་མི་ལོག་གམ

དབྱར་ཁ་ཇི་ལྟར་བཞུད་ན་བཞུད་ཆོག
ང་ལ་སེར་སྣ་དང་བློ་འགྱོད་ཅི་ཡང་མི་འདུག
འོན་ཀྱང ངས་ཁེར་རྐྱང་གི་ལྕགས་སྒམ་དེ་ནས
ཁྱོད་དང་འཕྲད་པའི་དབྱར་ཁ་ཞིག་དྲན་གྱིན་ཡོད

ལོ་ཟླ་འདི་དག་གི་རིང་ལ
ངའི་ཉེ་འགྲམ་གྱི་རྡོ་བ་དག་རྒས་ཤིང
མཐའ་འཁོར་གྱི་རི་བོ་དང་གངས་རི་དག་ཀྱང་རྒས་སོང
ཡིན་ནའང ངའི་ལུས་རྒས་རུང་སེམས་མ་རྒས་བར
ཁྱོད་རང་ཕྱིར་ལོག་པར་ཞེ་སྒུག་བྱས་ཡོད

ནམ་ཞིག ཁྱོད་རང་ཕྱིར་ལོག་ན
ང་རང་སྔ་མོ་ནས་ཤི་ཚར་ཡོད་ནའང
ངས་ཁྱོད་ལ་ཇི་ལྟར་བསྒུགས་པ
ངའི་དུར་སའི་མཁའ་དབུགས་ལ་དྲིས་པས་ཤེས་ཡོང
སེམས་ཀྱི་མི་ལགས རྒྱང་རིང་གི་མི་ལགས

                        2015/3/23ཉིན་དཔེ་ཁང་དུ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།