གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་བཤད་པའི་སྐད་ཆ་འདིས།༼ ཞར་བཀོད་བཞི་ཡོད ༽

2015-11-06 10:37:23 དུག་ཞགས། ཀློག་གྲངས། མཆན ཡོད།


ངས་བཤད་པའི་སྐད་ཆ་མཆིལ་མ་འདྲ་བ་འདིས
ཁྱོད་ཀྱི་གློ་སྙིང་ཚལ་བར་གཤགས་ནས
སྨྲེང་གཞས་ལེན་པའི་བུ་མོའི་ངོ་དང་གདངས་ལ
སྦྲུལ་ནག་འཁྱིལ་འཁྱིལ     ཡང་ན་འབྲུག་སྒྲ་ལྡིར་ལྡིར
ལོ་རྒྱུས་ཀྱི་ནད་རོ་ལྟ་བུའི་འབྱུང་བ་ལ་ཐིམ

མེ་སྟག་མ་ཡལ་བའི་ནད་ཁང་གི་སྒེའུ་ཁུང་ལས
ང་ཡི་རྙེད་ན་ཆོག་པའི་ཆུང་དུས་ཀྱི་རྨི་ལམ
མེ་ཏོག་ལྟ་བུའི་འཇམ་མཉེན་གྱི་འཇའ་ཚོན་ལ་སྤྲུལ
ང་ནི་འཕྲུལ་ཆས་ཀྱི་བརླ་རྐང་ལ་འབྱར་བའི
ཤོག་བུའམ་ཤོག་བུའི་ངོས་ཀྱི་ཡིག་འབྲུ་ཁ་ཤས
ང་ཡིས་བཤད་པའི་སྐད་ཆ་འདིས་ཁྱོད་རང་གསོན་པོ་ཡིན་པ་ཤེས་སོང

ང་ཡིས་བཤད་པའི་སྐད་ཆ་འདིས
མེ་ལོང་གི་སྨྲ་ལྕེ་མྱུར་ཞགས་ཅན་དེའི་སྐེ་རྩ་བསྡམས་ནས
བུ་མོའི་གསང་གནས་ཡོད་ཚད་ཀྱི་བ་སྤུ་སྒུལ་བར་བྱས
            2015/4/2མཚན་མོར་ལྷ་ས་ནས།

               མིང་མེད།

ཁ་བ་མ་ཞུ་བའི་ཡར་སྔོན་དེ་ལ
མིའི་སེམས་ཀྱི་མུན་པར་འཐིམས་པའི་ཤོག་སྐྱ་ལེབ་མོ་རེ
ཁ་ཆེམས་བྲི་སའི་རྡོ་རིང་དེ་དང་འདྲའམ

གཙང་བོས་ངའི་མིང་གིས་འབོད་པ་དང་འདྲ་བར
རྡོ་དང་མཉམ་དུ་རོལ་མོ་སྙན་ཞིང་འཇེབས་པ་ཞིག་དཀྲོལ

ནམ་ཞིག་ངས་གཙང་བོ་དེ་དྲན་ནས
ཁེར་རྐྱང་ངང་བར་སྣང་གི་སྟོང་བའི་ཁམས་དེར་འཁྱམ་དུས
ང་ཡི་རྣམ་ཤེས་ཁྱོད་ཀྱི་གམ་ལ་ཡང་ཡང་ཡོང་ངེས

ངས་འབྱུང་བ་ལྔ་ལ་བཅོལ་བའི་ཁྱོད་རང་དྲན་པའི་མིག་ཆུ་དེ་དག
དགའ་ལྡན་དགོན་ནས་མེ་ཏོག་ཅིག་ལ་འགྱུར་སྲིད་དམ

གང་སར་གད་སྙིགས་ཁྱེར་ཡོང་བའི་མཇལ་བ་དང་ཚོང་བ
ད་དུང་ལྟ་སྐོར་བའི་ཚོགས་ཀྱིས་བཤང་གཅི་ཡིད་ཚིམས་རེ་དོར་རྗེས
ཁོ་ཚོ་རེ་རེ་བཞིན་རང་ཡུལ་ལ་བུད་སོང

ཕྱིར་མིག་ཡང་ཡང་ལྟ་མཁན་གྱི་ང་ནི
ཨ་མདོ་ནས་ལྷ་སར་མཆོད་མཇལ་བྱེད་དུ་ཡོང་བ་ཡིན
                2015/4/3ཉིན་དགའ་ལྡན་ནས།

               སྲང་ལམ་ཉུལ་བ།
           
མཚོ་དང་མཚེའུ
ཉི་མ་དང་ཟླ་བ
གྲིབ་མ་གཅིག་པུ་ང་ཡི་གམ་ན
ཕྱེ་ལེབ་ནད་པ་ཞིག་དང་འདྲ་བར
ཞེ་སེམས་སྨྲེང་བས་བཟུང

རླུང་བས་སྒུལ་གྱིན་པའི་སྡོང་ལོ
དཔྱིད་ཀའམ་ནད་འབུ་ཁ་ཤས
ངའི་གམ་གྱི་གློག་འོད་ལ་འབྱར
ཉི་འོད་ག་ལེར་ག་ལེར་རི་བོའི་ལྟག་རྒྱབ་ཀྱི
འཇིག་རྟེན་གཞན་ཞིག་ལ་ཆས

འཕྲུལ་ཆས་ཀྱི་སོ་བར་ནས་ལྷུང་བའི་རྔུལ་ཆུ་ནི
མི་སེམས་དང་བར་སྣང་གི་སྤྲིན་པར་འདྲེས་རྗེས
རྐང་རྗེན་ཡིན་པའི་ང་རང་ཁེར་རྐྱང་དུ་གྱུར
                   2015/3/28ཉིན་ལྷ་ས་ནས།

              ཡངས་པ་ཅན།

རྡོ་དང་རྡོ་འཕྲད་པའི་ཚ་བ
ལམ་གྱི་ངལ་བ་ཡོད་ཚད་ཁ་བ་དེས་བསིལ་བར་བཏང་རྗེས
གཉིད་མ་སད་དུ་ཡོད་པའི་ལམ་འགྲོ་བ་དེ་དག
འབྲོང་རྒོད་ནད་པ་ཞིག་དང་འདྲ་བར
རླུང་དང་དར་ལྕོག་ལ་རྭ་གཡུག་ཙམ་བྱེད་པ་ལས
དྭངས་ཤིང་གཙང་བའི་ཆུ་བོ་དེ་དག་འཐུང་ཐབས་མི་འདུག 

ས་འོག་ལྕགས་ལམ་ནང་དུ་འཛུལ་བ་དང་མཉམ་དུ
ངའི་གདོང་གི་མིག་ཤེལ་འདི་སྐམ་ཐན་གྱིས་བཟུང་ནས
འུར་སྒྲས་བཅོམ་པའི་རྣ་བའི་ཕྱོགས་སུ
སུན་སྣང་བཟོ་བྱེད་ཀྱི་རོལ་དབྱངས་ཤིག་གྲགས་བྱུང
གློ་བར་དུ་ཉི་འོད་མེ་འཁོར་སྒེའུ་ཁུང་ལས་འཕྲོས་བྱུང
ལྷ་སར་ཐོན་ལ་ཉེ་བས་ང་ཡིས་རང་དབང་མེད་པར་མིག་ཆུ་རྡོག་གཅིག་ལྷུང་སོང
        2015/3/21ཉིན་མེ་འཁོར་ནང་དུ།

             གཉིད་མ་ཡོང་དུས།

ཆུ་མོ་ཤག་ཤག་ཤག
བསང་ཆུའི་འགྲམ་གྱི་གད་སྙིགས་ལ་གཤོག་པ་ཡོད་དམ
ཡང་ན་མེས་པོ་ཞིག་གི་དཀའ་སྡུག་མཚོན་བྱེད་ཀྱི
རྒས་ཉམས་ཀྱིས་ཕྱུག་པའི་མེ་ཏོག་དེ་དང་འདྲ་བར
ས་དང་གནམ་ལ་གཅོང་ནད་བྱུང་བ་ནི
ཚ་བས་ངལ་བའམ་གྲང་བས་ཕྱིད་པའི་བར་སྣང་དེ་ཡི
གྲིབ་མས་བྲིས་པའི་རྣམ་ཤེས་ཀྱི་གར་སྟབས
           2015/2/18ནམ་གུང་ལ་ཉི་མ་བླ་བྲང་ནས།
 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།