གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་སང་གི་གསང་བ།༼ ཞར་བཀོད་གཅིག་ཡོད ༽

2016-01-04 21:36:29 ལྡོག་འཆར། ཀློག་གྲངས། མཆན ཡོད།


གཏམ་རྒྱུད་ཅིག་ཆུ་བོའི་ཟོལ་གྱིས་མུ་རུ་བཞུར
ཚིག་འབྲུ་རེ་རེ་ཆུ་ལ་བསྐྱུར་བའི་ལོ་མའི་རི་མོར་གྱུར
མཆུ་ཏོའི་སེར་ཤག་གི་བར་གསེང་ནས
ཁྱོད་རང་ཕྱི་རློན་ནང་རློན་གྱིས་ཁོང་འདར་བོར་ཏེ
དུས་ཚོད་ཀྱི་ཚོན་རིས་དག་རྒྱབ་ཏུ་གཡུག་ནས་གཏམ་རྒྱུད་ཅིག་བྲིས་པ་དྲན་ནམ

ལག་སྟོང་གི་འཐབ་མོ་བ་ང་ཚོས
མུན་པའི་གཡུལ་ས་ནས་རང་ཤི་བརྒྱབ་རྗེས
མི་ག་ཚོད་ཀྱི་སེམས་ལ་བདེ་བ་ཐོབ་པ་ཤེས་ཡོད་དམ

མོས་པའི་རི་མོ་ལུས་ལ་བྲིས་ཏེ
ཁོར་ཡུག་ཅིག་སེམས་སུ་བཞེངས་པ་དེས
ཐལ་རྡུལ་གྱི་ཚེ་སྲོག་མང་པོ་གཉོམ་དུང་ངེར་བཞག

ཁ་སང་གི་གསང་བ་ནི་གཏམ་རྒྱུད་ཅིག་སྟེ
རླུང་གིས་ཁྱེར་བའི་ཁུར་མོང་གི་གཟུགས་རིས་དེའོ
                                   ༢༠༡༥/༠༧/༣༠ཉིན།

                  མཚན་མོ་འདི་རི་མོ་ཞིག་རེད།

མཚན་མོ་འདིར་སྨག་རུམ་གྱི་གྱོན་གོས་མེད་པས
གཞོན་ནུ་མ་ཞིག་གི་གསང་གནས་ཀྱང་ཡང་ཡང་མཐོང་ཡོང

ཡུལ་ལུང་འདིའི་ངུ་འབོད་དང་དམོད་ཚིག་གི་ལྷུ་ལག་འཐོར་བས
མདུན་ངོས་སུ་གསལ་ལེར་མངོན་ཡོང་བ་ནི་ཁྱོད་ཀྱི་འཛུམ་ཆུང་རེད

ནམ་གུང་ནི་ཆེས་ཡིད་དུ་འོང་བའི་དུས་ཚོད་ཅིག་རེད
དབུགས་འབྱིན་རྔུབ་ལས་ང་རང་ཆེས་ཉན་པར་སྤྲོ་བའི་རོལ་མོ་དེ་གོ་ཐུབ

མཚན་མོ་འདི་རི་མོ་ཞིག་རེད
འདི་ལས་རང་དབང་གི་ཁོར་ཡུག
འདོད་རྒུ་ཡི་ལོངས་སྤྱོད་ཡོད་ཚད་རྙེད་ཐུབ་པས
སུ་ཞིག་འདི་ལ་འབྲལ་བར་འདོད་དེ་གཏན་ནས་མི་འདོད་དོ

ཚོར་བ་མཐའ་དག་རུས་རྐང་དང་རྩ་སྦུབས་སུ་ཞུགས་ཏེ
བདེ་བ་བསམ་གྱིས་མི་ཁྱབ་པ་ཞིག་རྙེད་དགོས་ཚེ
ཅིས་ཀྱང་མཚན་མོའི་པང་དུ་ལོག་འོས

མཚན་མོ་རེ་རེ་ནི་མི་རང་རང་གི་འདོད་མོས་ཇི་བཞིན
བྲག་གི་ངོས་སུ་བརྐོས་པའི་རི་མོ་རེ་རེ་ཡིན་པས
མཆུ་དང་ཆུ་ཡིས་འཇིག་པ་མ་གནས་སོ
                  ༢༠༡༥/༠༧/༡༦ཉིན།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།