གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཞིག་གི་དྲན་པ།༼ ཞར་བཀོད་གསུམ་ཡོད ༽

2016-01-19 20:29:27 འགྲེང་བུ།༼ མཚོ་ལྷོ ༽ ཀློག་གྲངས། མཆན ཡོད།


ཐ་སྙད་ཀྱི་མེ་ཕུང་ཆེན་མོའི་ནང་དུ
ང་ཡི་སེམས་པ་དག་ཧར་གྱིས་མཆོངས་ཏེ
ཤེལ་ཆག་ལ་རྐང་བ་སྦྲེས་པའི་བྱིས་པ་ཞིག་དང་འདྲ་བར
སྣབས་འདོམ་པ་གང་དྲུད་ནས་གཡུལ་སར་ལྷག

རྨི་ལམ་ནང་གི་རལ་གྲི་རྣོན་པོས
ཆུ་བོ་ཞིག་དུམ་གྱིས་བཅད་པས
ངས་སྒོ་སྲུབ་ཀྱི་ཉི་ཐིག་ལ་མདུད་པ་རྒྱག་འདོད་སྐྱེས

ནམ་མཁའི་སྤྲིན་པ་རེ་རེས་ཉི་ཟེར་འགོག་དུས
ངས་གྲིབ་མ་ཆེན་པོ་ཞིག་གྱོན་ནས
རྒྱང་རིང་གི་སྐྲ་ལོ་དེའི་ཁ་དོག་བཙལ

ཁ་བ་གྱོན་པའི་སྙིང་ཚིལ་དག་དྲག་ཏུ་གཡོས་ཚེ
ཚེ་སྲོག་དུམ་བུ་ཞིག་ལ་ཚིག་སྒྲ་གྲགས་བྱུང
ང་རང་དུས་ཚོད་ཀྱི་རྒྱ་མཚོ་ལ་ལྕེབས་འདོད་སྐྱེས
དེ་ནི་མི་རབས་ཤིག་ལ་སོས་མ་བུད་པའི་ལོ་ཞིག་ཡིན

                                                         2015/8/28

                                             རློན་ཐིག

ངས་མཚོ་སྔོན་པོའི་ནང་ལ་རྐང་བ་སྦྲེས་ཏེ
རང་ཉིད་ཀྱི་ཁོག་སྨད་ཡོངས་རྫོགས་རློན་པ་བྱས
འཁྱག་བསིལ་བསིལ་གྱི་རླབས་རྒྱུན་སྙིམ་ནང་བཅུས་ཏེ
སེམས་ཀྱི་བསམ་འཕྲིག་ཡོད་ཚད་སོད་དུ་བཅུག
ལོ་ཟླ་གང་མང་ལ་མདུད་ནས་བཞག་པའི་སྙིང་ལོག་ལོག་དེ་ཕྱི་ལ་ཕྱུང
སྤྱོད་ལུགས་དང་འགྲོ་ལུགས་ཀྱིས་གཡོགས་པའི་ཚོན་རྩི་དེ་བཀོག་ཡག་བྱས
ཅི་བྱ་གཏོལ་བྲལ་དུ་བཙའ་ཡིས་ཟིན་པའི
སེམས་ཀྱི་ཕྱི་ནང་དེ་གཙང་མར་བཀྲུས

ངས་རང་ཉིད་ལྟ་བུའི་སྨྱོན་པའམ
སྨྱོན་པ་ལྟ་བུའི་རང་ཉིད་ཀྱི་གྲིབ་མའང་རློན་པ་ཡིན་པ་མཐོང
སྐབས་དེར་མི་ཞིག་ཀྱང་ང་དང་འདྲ་བར
མིག་མདངས་མཚོ་མོ་ལ་ཕྱོགས་ནས
རྐང་བའི་མཐེ་བོང་དག་རློན་པར་གྱུར་སོང
སྐད་ཆ་དང་མིག་མདངས་ཀྱང་རློན་ཆབ་ཆབ་ཏུ་གྱུར
དེ་ནི་དྲོད་ལམ་ལམ་གྱི་ཁ་དོག་ཅིག་ཡིན
དེ་ནི་དྲོད་ལམ་ལམ་གྱི་རློན་ཐིག་ཅིག་ཡིན

ད་ནི་ས་སྲོད་སླེབས་ལ་ཉེ
ངའི་སེམས་ནང་ལ་རློན་ཐིག་ཅིག་ལྷུང་ཞིང
གནམ་མཐའི་སྤྲིན་པ་དང་རི་ཚོགས་ཀྱི་གྲིབ་མ
མཚོ་སྔོན་པོ་དང་མཚོའི་སྟེང་གི་ཉི་མའི་ཟེར་ཞག
མདུན་ཕྱོགས་ནས་རིང་དུ་སྲིངས་པའི་སྣུམ་ལམ་སོགས
ནང་སེམས་ཀྱི་རྒྱུད་སྐུད་བདུང་བའི་རློན་ཐིག་ཏུ་གྱུར
མཁར་གྲོང་ལ་འགྲོ་བའི་རླངས་འཁོར་དེའང་རློན་ཐིག་ཅིག་ཏུ་གྱུར

                                                                         2015/5/30

                          ཕྱི་དྲོའི་ཆུ་ཚོད་ལྔ་བ།

ཁང་རྒྱབ་ཀྱི་འགྱིག་བཟོས་རྐུབ་སྟེགས་དཀར་དཀར་དེ་ལ་བསྡད་ནས
ཞོས་པཱོ་སྦི་རག་གཅིག་མགོར་གཡོན་ན
ད་སྔོན་ཡིད་ལ་དྲན་དྲན་ཚང་མ་རབ་རིབ་ཅིག་ཏུ་གྱུར་ནས
སླར་ཡང་ཀླད་པའི་ནང་དུ་བསྐོར་རྒྱག་ཙམ་བྱེད
རང་དབང་མེད་པར་མདུན་ཕྱོགས་སུ་ཡང་རྒྱུག་བྱ་འདོད་དེ
གོམ་པ་པ་དོ་ཙམ་སྔོན་ལ་བསྲིངས་ཚེ
སོ་ཕག་གི་གྱང་ར་ལ་ཁེལ་བས
སོམ་ཉི་དང་བཅས་ཕྱིར་རྐུབ་སྟེགས་སུ་སྡོད་དགོས་བྱུང་ངོ

ཁ་ཉིན་སྦངས་པའི་ཀོ་ལྷམ་ཟད་པོ
དེ་རིང་གྱོང་རལ་དུ་གྱུར་ནས་རྐང་བའི་སྔ་རྟིང་ལས་འཇུག་མི་བཏུབ
སྙོམ་ལེབ་ཀྱི་འཆར་ངོས་ཆེ་དྲག་པས
ཡི་གེ་དག་ཆུང་ཆུང་ཞིག་རེད
གྱང་སྟེང་དུ་ཁ་གནམ་ལ་བསྟན་ནས་བཞག་ཡོད་པའི་ཇ་ཕོར་དེའི་ནང་དུ
རླུང་བུ་འགྲོ་ཞོར་ཞིག་གིས་ཕྱོགས་ངེས་མེད་ཀྱི་ས་རྡུལ་ཁྱེར་འོང་གི་འདུག
སྐོམ་ཚད་ཅིག་གིས་ཇ་ཕོར་དེ་ཡང་མགོར་གཡོན
ཆུ་འཁྱག་ཁམ་གང་ཕོ་ཞབས་ལ་འཁྱིལ་བ་གཅིན་དུ་གྱུར

སྤྱོད་ཁང་ལ་འགྲོ་སྟབས་ཉེས་ཤིང་འགྲོ་ལམ་ཡང་རིང
ནུབ་ཕྱོགས་ཀྱི་ཉི་འོད་ལ་རྒྱབ་གཏད་དེ
གློག་བརྙན་ག་གེ་མོ་ཞིག་དང་འདྲ་བའི་མ་འོངས་པ་ལ་ཁེར་ལབ་བྱས
སྒེའུ་འགྲམ་གྱི་ཆུ་སྣོད་ཆེན་པོ་དེའི་སྟེང་དུ
ཉིན་གཅིག་གི་ཆེས་མཐའ་མཇུག་གི་འོད་སྣེ་བབས་པ་ཙམ
རྨིད་གྲུ་བཞི་མ་ཉི་ཤུ་ལས་འདའ་མི་ཐུབ་པའི་གཞི་མ་ཆུང་ཆུང་འདི་ནས
ངས་རང་ཉིད་ཀྱི་དྲན་པ་ཕྱིར་བསྐུམ་ཐབས་ལ་འབད་ཀྱང
སྒོར་བུད་ཚེ་སྔར་བཞིན་ཟི་ལིང་ལ་འགྲོ་བའི་རེས་འཁོར་ལ་རྒྱུན་ཆད་མེད་དོ

                                                                                   2015/6/1

                             ཁྱོད་རང་སོང་ཤུལ་དུ

ཁྱོད་རང་སོང་ཤུལ་དུ
འཇིག་རྟེན་ནི་ནམ་མཁའ་དམར་བོ་ཞིག་རེད
པི་ཝང་གི་སྐུད་པ་འགའ་འཕྲོ་རིམ་འཕྲོར་ཆད
མདང་ནུབ་བླངས་པའི་གླུ་དེ་ཆ་མི་ཚང་བ་འདྲ
ཐབ་ཀའི་ནང་དུ་ཐལ་བ་འཁྱག་པ་འགའ་ལས་མེད
བྱིའུ་ཕྲུག་དག་གིས་ཀྱང་རང་ཉིད་ལ་མཆུ་ཙག་བྱེད
རླུང་འཚུབ་ཞིག་ལྡང་འོངས་པ་དེ
ཕྱོགས་བཞི་མཚམས་བརྒྱད་གང་ལའང་མི་གཏོགས

ཁྱོད་རང་སོང་ཤུལ་དུ
རང་དབང་ལུང་བ་ནས་ཆུ་བསྐམས་སོང་
སྒང་མགོ་ནས་ཀི་ཞིག་བཏབས་རུང
ལུང་མདོ་ཡི་དེ་དག་ཉིན་དཀར་གཉིད་ཀྱི་ཡོད་པ་འདྲ
རི་མགོ་མང་བོ་མཐོ་རུ་ཕྱིན་པས
གྲིབ་མ་ཡང་ཇེ་ཆེར་གྱུར་བ་རེད
བྲག་རྟིང་གི་ཉི་མར་ལྡེ་ས་དེའང་
དོང་རིམ་པ་དགུའི་ཞབས་ལྟར་འཁྱག

ཁྱོད་རང་སོང་ཤུལ་དུ
ངས་རེ་བ་དང་ཞེ་སྡང་གཉི་ཀ་བསྲེས་ཡོད
བྲག་ངོ་ན་ལྷག་པའི་སྒོང་ཤུན་དེ་དག
ཐང་སྟོང་གི་ཆུ་མིག་ལྟར་དྭངས་ངེས
ད་ལོའི་དབྱར་ཟླ་དྲུག་པའི་ཁངས་ཆགས་འདིས
སོས་མ་བུད་པའི་ལོ་དེ་དང་འདྲ་བར
གཟེར་གྲང་གྲང་བྱེད
དངོས་ནས་གཟེར་གྲང་གྲང་བྱེད

                                             2015/7/20མཚན།

     
                                                                                    རྩོམ་སྒྲིག་པ། དབང་མོ།

            

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།