གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱང་ལ་ཞེན་པ།༼ ཞར་བཀོད་གཉིས་ཡོད ༽

2016-01-26 12:49:55 ཨ་ཁྲི། ཀློག་གྲངས། མཆན ཡོད།

མིག་ལྕིབས་མ་འགུལ་བར
གནམ་གྱི་སྐར་མའི་གཡོ་འགུལ་འཚོས་མྱོང
ཟླ་བ་དང་སྤྲིན་པའི་ཐོང་འོག་ནས་ཁེར་ཧྲེང་ངང
གཙང་བོ་དང་མཚེའུའི་འགྲམ་དུ་ཁུ་སིམ་མེར

ང་དང་ཧ་ཅང་རྒྱང་རིང་བའི་གནམ་གྱི་སྐར་མ་དེ་དག
གལ་སྲིད་ངའི་འདོད་པ་ལྟར་ཏུ་འགུལ་ཀྱང
ངས་སྔར་བཞིན་བལྟ་བ་ལས་ཅི་བྱ

གང་ལྟར་ང་གོ་ལ་ལས་སྐར་མའི་ཚོགས་ལ་དུང
ནམ་རྒྱུན་སྐར་མའི་སྟེང་དུ་ལྷིང་ཞིང་འཇགས་པའི་རྩྭ་ཐང་ཞིག་ཡོད་པར་སེམས
དེའི་དཀྱིལ་དུ་ང་གཅིག་པུས་སྟོང་ཉིད་སྒོམ་བཞིན་ཡོད་པར་བསམ

                        ཁྱོད།  

ཁྱོད་རང་གཙང་བོ་ཞིག་ཡིན་པས
ང་རང་གཞི་ནས་ཁུར་སོང
རྒྱང་རིང་རྒྱང་རིང་གི་འཇའ་ཚོན་གྱི་གྲོང་ཁྱེར་དུ
ཡང་ན་རྨི་ལམ་ལྟ་བུའི་དག་ཞིང་གཞན་ཞིག་ཏུ

ཁྱོད་རང་མེ་ལྕེ་ཞིག་ཡིན་པས
ངའི་བརྩེ་དུང་གི་རི་བོ་ཆེན་པོ་དེ་གཞི་ནས་སྒྲོན་སོང
རྡོ་དང་གཡའ་མ་དག་ལ་གཞོབ་དྲི་འཐུལ་གྱིན
སྡོང་བོ་དང་ལོ་མ་དག་གི་དྲི་བསུང་འཐུལ་གྱིན

དེ་ནས་བཟུང་སྐྲ་ལོའི་ཉག་མ་རེས་ཀྱང་ཁྱོད་རང་གླེང་འོང
རྩྭ་ལོའི་བསིལ་བ་རེའི་སྟེང་དུའང་ཁྱོད་ཉིད་སྣང་འོང

ས་སྲོད་ཀྱི་སྤྲིན་པའི་གསེབ་ཏུ
ཤུགས་ཀྱིས་གཞས་ཆུང་ཞིག་གཏོར་བ
དོན་དུ་ཁྱོད་ལ་བཤད་འདོད་པའི་སྐད་ཆ་འགའི་ཚབ་ཡིན་ཡང
མདུན་ཕྱོགས་ཀྱི་ངང་ཁྱུ་སྐོར་ཞིག་གློ་བུར་འཕུར་སོང་བ
ངས་དཀྲོགས་པ་མིན་འདོད་ཀྱང
ངང་བས་གཤོག་པ་རྩལ་གྱིས་སྤྲུགས་པ་མཐོང་བས
ང་ནི་ང་ལ་མ་དབང་བར་ཅི་ཞིག་བྱས་སོང་བར
སང་ཉིན་གྱི་རང་ཉིད་ལ་དྲིས

                        རང་ཉིད་དྲན་པ།

ས་སྲོད་དེར་ཉི་མས་སྤྲིན་པ་སྲེག་པའི་ཚུལ་ལ་ཅེར་ནས
རང་ཉིད་ཀྱང་དེ་ལྟར་སུ་ཞིག་གིས་སྦར་བཞིན་པ་དྲན

ངང་བས་སྒྲོ་གཤོག་བརྐྱངས་ཏེ
མཁའ་མཐའ་རུ་ཤུགས་ཀྱིས་ལྡང་བ
གྱེས་གདུང་ལ་ཞེད་དེ་ཉི་མའི་རྐང་རྗེས་སྙེག་པ་ཡིན་ནམ
མུན་ཁྲོད་ཀྱི་སྐར་མའི་འཕྱ་སྨོད་ལ་གནོང་སྟེ
འོད་ཀྱི་འཇིག་རྟེན་སྙེག་པ་ཡིན

མཐའ་བཞིའི་རྩི་ཤིང་དང་རླུང་བུ་དག་གིས
སྨྲ་བ་དང་འགུལ་སྐྱོད་མེད་པར་ང་ལ་ཉན་འདུག་པ་འདྲའང
དོན་དུ་དེ་ནི་ངའི་བསམ་གཞིག་གཏོར་མཁན་ཀྱི་ལྷིང་འཇགས་དེ

ས་སྲོད་དེར་ཉི་མས་སྤྲིན་པ་སྲེག་པའི་ཚུལ་ལ་ཅེར་ནས
རང་ཉིད་ཀྱང་དེ་ལྟར་སུ་ཞིག་གིས་སྦར་བཞིན་པ་དྲན
                                             

                                                                                རྩོམ་སྒྲིག་པ། དབང་མོ།

            

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།