གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྱེ་ཀྱེ། ང་ཡི་མེས་པོ།

2016-02-15 13:59:31 དུར་སྲི། ཀློག་གྲངས། མཆན ཡོད།


གནའ་བོའི་ཅོང་རྙིང་གི་དུང་སྒྲ་དང་རྡོ་རིང་གི་ཡི་གེའི་གསེབ་ནས
ངས་ཁྱོད་ཀྱི་རྣོ་ལྕགས་ལྟ་བུའི་དཔའ་མཛངས་ཀྱི་རྟུལ་ཕོད་མཐོང་བྱུང
ངས་ཁྱེད་ཀྱི་ནམ་མཁའ་ལྟ་བུའི་ཐུགས་ཀྱི་དཀྱེལ་ཡངས་དང    
སྤྲིན་ནག་ལྟ་བུའི་གཏུམ་དྲག་གི་ཁྲོ་ཞལ་མཐོང་བྱུང
ཁྱོད་ནི་ཁྱོད་རེད་ལ    ཁྱོད་ནི་ཁྱོད་ཀྱང་མ་ཡིན
ཁྱོད་ནི་དགུན་གྱི་ཁ་བ་དཀར་གསལ་ལེ་བ་དེ་རེད་ལ་དེ་ཡང་མ་རེད
ཁྱོད་ནི་དབྱར་གྱི་མེ་ཏོག་ཁྲ་ཀྱི་ལེ་བ་དེ་རེད་ལ་དེ་ཡང་མ་རེད
ཁྱོད་ནི་སྟོན་གྱི་ཞིང་ས་གསེར་ལྷེམ་མེ་དེ་རེད་ལ་དེ་ཡང་མ་རེད
ཁྱོད་ནི་དཔྱིད་ཀྱི་རྩྭ་ལྗང་སྔོ་ལྡེམ་མེར་དེ་རེད་ལ་དེ་ཡང་མ་རེད
དེ་དག་ནི་སྒྱུ་མའི་རྟ་ཕོ་འཕྲུལ་སྣང་གི་ཁྲོམ་ལ་རྒྱུགས་པ་ཙམ་གྱི་ཁྱོད་ཉིད་ག་ལ    

ཁྱོད་ཀྱིས་ཀི་བསྭོའི་དཔའ་དར་དགུང་ལ་འཕྱར་ཏེ
ཙི་ནའི་ཡུལ་ཁམས་ཐོལ་གྱིས་གཏོར་དུས་ནི་གནའ་སྔ་མོ་ཞིག་རེད་ལ
དཔའ་མཛངས་རྟུལ་ཕོད་བྲག་ལ་བརྐོས་ཤིང
དབུ་རྨོག་ཁྲབ་གསུམ་གླེགས་བམ་དུ་བཅུག་དུས་ཀྱང་གནའ་སྔ་མོ་ཞིག་ཡིན
གང་ལྟར    ང་རང་རྒྱང་རིང་ནས་ཐོན་དེ་སླར་ཡང་ཁྱོད་ཀྱི་ཉེ་གམ་དུ་སླེབས་དུས
ཁྱོད་ནི་ལོ་རྒྱུས་ཀྱི་རྡོ་རིང་དུ་བརྐོས་པའི་གསེར་གྱི་མེ་ཏོག་ཅིག
ཁྱོད་ནི་དེབ་ཐེར་གྱི་བར་གསེང་ནས་བཞུར་བའི་བདུད་རྩིའི་ཉིང་བཅུད་ཅིག
ཁྱོད་ནི་ནམ་མཁའི་མཐོང་ནས་ཤར་ཞིང  
རྒྱ་མཚོའི་གཞུང་ནས་བཞུར་བའི་བསླུ་བྲིད་ཀྱི་ལྕགས་ཀྱུ་ཞིག

ཀྱེ་ཀྱེ   ང་ཡི་མེས་པོ    
སྤྲིན་ནག་གི་ཡོལ་བ་བྱང་ཕྱོགས་ནས་ལྡང་སྟེ་སྔོ་བསང་མའི་ལང་ཚོ་ཁྱུར་མིད་བྱེད་དུས
ང་ནི་བཙས་མ་ཐག་པའི་བྱེའུ་དམར་རྗེན་ཞིག་ལས་ཅི་ཡང་མ་ཡིན
དེ་བས     ངས་ཉོན་སྒྲིབ་ཀྱི་མིག་གིས་ཁྱོད་ཉིད་མི་མཐོང་ལ            
ངས་སྡིག་སྒྲིབ་ཀྱི་ལག་པས་ཁྱོད་ཉིད་ག་ལ་ཟིན

                                     2015.7.13


                                                       རྩོམ་སྒྲིག་པ། དབང་མོ།


                                                                                                        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།