གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨད་འཚོང་མ་བྱེའུ་མཚོ།༼ ཞར་བཀོད་གཅིག་ཡོད ༽

2016-02-20 14:49:19 འཕྱན་བྷང་། ཀློག་གྲངས། མཆན ཡོད།


                          1). སྲོ་མང་།

སྡིག་འབུའི་ཚོགས་ང་ཡི་གྲིབ་མ་ནག་པོ་རུ་འཕྱང
མཚོ་མཐར་ཟབ་ཟིབ་ཏུ་རུབ་པའི་སྲིན་འབུ་དག་ང་ཡི་གྲིབ་མ་རང
ཤའམ་ཁྲག་ཁ་ཟས་སུ་བལྟས་བལྟས་སམ་གསོན་གསོན་ལ་མིད
མཚོ་རླབས་ཆུང་ངུ་དག་གཉེར་རིམ་ཤུར་ཤུར་ང་ཡི་མགོ་བོ་ན་སྤྱད་རང
རྒྱ་མཚོའི་མཐའ་རུ་ལག་ཟུང་གས་སིལ་ཤོར་བ   ནུ་ཟུང་ཕྱིད་པ   ཕོ་མཚན་རུལ་བ
རྒྱ་མཚོ་འཇོངས་དབྱིབས་འདི་ང་ཡི་མདང་དགོང་གི་མིག་ཆུ་ལྟོ་བ་གཅིག
ས་སྲོད་འདི་ཡི་ཝུ་ཆང་སྒམ་གཅིག   དུ་བ་སྒམ་གཅིག
མི་ཚོགས་ཀྱི་རྔུར་བ་མཚོ་ཡི་འཇིངས་སྦུབས་ནས་གྲག་ཡོང
ལག་པ་ཐེད་པོ་འདི་གཉིས་མཚོ་དཀྱིལ་དུ་བཞག
ཉ   ཆུ་སྲམ   ཆུ་སྲིན   ཆུ་བྱ་ང་ཡི་མུ་གེའི་གྲིབ་མ་རང
མཚོ་མོ་ལས་ང་རང་བྲན་གཡོག་ཏུ་གྱུར་པའི་སྡུག་བསྔལ་མཐོང་ཐུབ
ཇི་ལྟར་བཀྲུས་ཀྱང་མི་དག་པའི་རུས་ཚིགས   ཤ་ཁྲག་གི་ངོ་གདོང་སྐྱ་བོ
རྡོའམ་ཕ་བོང   ས་འདམ་གྱིས་གྲུབ་པའི་འགག་འཕྲེང་ཤ་རུས་སུ་འཐིམས
མེ་ཏོག   མཚོ་མོ   གངས་རི   འཇིག་པའམ་འཕྱུར་བའམ་ཞུད་པ
ང་ཡི་རྨི་ལམ་ནི་ཁྱོད་ཀྱི་ཁྱོད་ཀྱི་དོར་ཁ་ལས་གཅིན་སྐྱག་ཁྲབ་ཁྲབ་ཤོར་བའི་གཟེར་ནད་རང
མཚོ་མོ   བྱེའུ་མཚོ་སྨད་འཚོང་མ   སྨད་འཚོང་མ་བྱེའུ་མཚོ
མཚོ་སྔོན་པོ   བྱེའུ་མཚོ   མགོ་སྟོང་མ་གཉིས་ཀ
ང   ང   ང   ང་ཤི་རྗེས་སུ་ཕྱི་ཡག་ནང་ཡག་གི་ང་ཡི་འཁྲིག་མ་དང་པོ་དེ་ཡིན་དགོས
མཚོ་རུ་མཇེ་ཆུང་ཆུང་འདི་སྦངས་པར་བྱ

                             2).ལད་པོ།

ཚ་བ་ཡིས་རྨས་པའི་དོ་ནུབ   ས་སྲོད་ཁོ་ནའི་རོ་ནད་དུ་བཤུམ
མཚོ་རླབས་ཀྱི་བརྩེགས་རིམ་གཅིག་གཅིག་ཚ་གདུང་གིས་སྐམ
ང་ཡི་ངོ་གདོང   དུས་ཚོད་གོ་དགུའི་མདའ་མགོ་འདི་བར་དམར་པོ་རུ་འགྱིང
ཚ་གདུང་དང་འབྲེལ་བ་ཆད་ཟིན་པ་ནི་ང་ཡི་ངོ་གདོང་དམར་པོ་རྐྱང
ས་སྲོད་ཀྱི་དྲོད་ཚད0.11℃མན་དུ་ལྷུང་ཡང་བྲང་གཞུང་བསྲེགས་ཚར
གཏེར་ཆུ    ཆུ་འཁྱགས་དག་ནུས་མེད་ཀྱི་སྡོམ་ཤོར་རམ་ཁྱི་སྐྱག་རུལ་བ
ང་ལ་གྲིབ་མ་རིགས་འགའ་མཆིས་པ་ལས་ཉི་ཟེར་རམ་འོད་ཀྱི་གྲིབ་མ་བྲོས་ཟིན
ས་མཆིན་ནག་པོ   དོ་ནུབ་ང་རང་ས་མཆིན་ནག་པོ་རུ་བསྒྱུར
སྙིང་གི་གྲི་སོའམ་མཐའ་དག་གཏེར་ཆུ   ཆུ་འཁྱགས   འཁྱགས་སྒམ་ལ་གཟས
སྨད་འཚོང་མ་བྱེའུ་མཚོ   སྨད་འཚོང་མ་བྱེའུ་མཚོ   སྨད་འཚོང་མ་བྱེའུ་མཚོ
རྒན་མོ་ཚོ་སྟུག་མ   དགྱ་སྤྲང   གཉེན་ཉེ   གྲོགས་པོ་ཚོ་འཁྱགས་པས་ངོ་གདོང་སྐྲངས་ཏེ་འཆི་ལ་ཉེ
མིག་ཟུང   འགྲམ་པ་དག་སྔོ་ཅབ་ཅབ་ང་ལ་སྡང་བ་རུ་བཀྲད་པས་འཇིགས
ཁ་མི་གྲག་པའི་བྱིའུ་མཚོ   ཁོ་ཚོའི་ངག་འཁྱགས་པས་ལྐུགས་པར་བསྒྱུར
གྲིབ་མ་འདི་དག་བོར་རྗེས   ང་ཡིས་མཚན་དཀྱིལ་ལའང་སྨད་འཚོང་མ་ཁྱོད་ལ་སྒྲ་གཟུགས་མེད་པར་ཁ་བརྡ་བྱས
སྤྲང་ཁུག་ཏུ་ལུས་པའི་ཤོག་གྱོང་ཆུ་ལ་བསྐུར་ཏེ་ཆང་ལ་བརྗེས
གཟུགས་འགྱུར་བའི་ངོ་གདོང   མདོག་ལད་པའི་ངོ་གདོང

                            3).སྡིག་པ་ར་ཙ།

ཁོ་མོ    ང་ཡི་ཆུང་མ་ཡིན
སྨད་འཚོང་མ་བྱེའུ་མཚོས་རང་ཉིད་སྒྲེན་པོར་ཕུད་ཀྱང་ཁོ་མོ་དེ་ཡི་ནང་དུ་འཇབས
སྐྲ་ལོ་འཕྱང་བའི་སྡིག་པ་ར་ཙའམ་ང་ཡིས་མཚོ་རླུང་ལས་ངུ་སྐད་སྙན་མོ་འཇགས་མེད་དུ་རྙེད་ཐུབ
ཆུང་མ   ཆུང་མ   ཆུང་མ   འཇམ་རླུང་སྔོན་མོ
མཚོ་རླུང་ལྗིད་པོ་ཆར་གཟུགས་སུ་སྦྲུམ་སྟེ་རློན་ཅབ་ཅབ་ལྗིད་གེར་བཤུམ་པ
ས་སྲོད་སེར་ནག་འདིར་ང་ཡིས་བྱེའུ་མཚོའི་གཏིང་རུམ་ལ་མཆི་མ་ཟགས་ཀྱིན་པ་རྒུམ
སྔོ་ཡུག་ཡུག   ལྗང་ལྡེམ་ལྡེམ་གཉེར་རིས་བསྟར་བ་ལས་ཆམ་ནད་འཕྱུར
ང   ང   ང   ང་ད་ལྟ་ཉིད་ནས་འཕྲུལ་ཆག་འདི་བསྐོར་ནས་ལམ་ལ་བུད

                                 2014.08.03

1.བྱེའུ་མཚོ།  ཡུལ་བསྐོར་ལྟེ་གནས་གྲགས་ཅན་དུ་གྱུར་པའི་གཉན་པོ་གཡུ་རྩེའི་མཚོ་ཆེན་གོང་ཞོལ་ལ་གོ་དགོས།  


                                བྱེའུ་མཚོའི་ནང་ཁྲོལ་སྙིགས་ཟོམ་དུ་བཅུག་པ།

སྨུག་རྡུལ་འཚུབ་འདྲའི་དགྱ་སྤྲང་གིས་བོང་སྐད    ཁྱི་སྐད   ངུར་ཚུལ་བཅས་འབྲོག་པར་ཁྲིད་ཀྱིན་དགོད
རླངས་འཁོར       མི་རེས་ཤུལ་ན་ཁྱི་རྔ་རིང་པོ་ལྕགས་བསླེས་མ་རེ་འགོས་ནད་དུ་སྦྲུམ
གྲོང་ཁྱེར་རྫོབ་པོ་ནས་ཁྱེར་ཡོང་བའི་འཁྲབ་ནད་རླངས་སྐྱའང་མེ་ནག་འབར་བ་ཡི་ཁོག་ཏུ་ནུབ
"བྱེའུ་མཚོ"གོང་མ་ལ"བདུད་མོའི་མཚོ"རུ་བསྙད"བྱེའུ་མཚོ"འོག་མ་ལ"ལྷ་མོའི་མཚོ"རུ་བཏགས
ཁྱི་རྒན་ཧོན་ལོག༡ཏུ་གྱུར་པའི་"ཡུལ་བསྐོར་ཁང"༢ལ་གྲོད་པུ་ལྷག་མ་གྱ་གཅིག་སྐྱེས
མཚོ་མཐར་བཏགས་པའི་མི་ཚོགས་ལའང་ཟོག་གྲོད་ལྷག་མ་འབུམ་ཐེར་སྐྱེ་བཞིན་རྔམ
སྐྱག་ཕྱེས་ཤོག་སྙིགས་བྲང་ལ་སྦྱར་སླད་ལག་པ་དང་ལག་པས་ཁྲག་དང་གྲི་བརྡར
སྲིད་གཞུང་ཟེར་བའི་ཁྱི་རྒན་མིག་འབུར་དེས་མཚན་མོར་མཚོ་མཐའ་རུ་སྐྱག་པའི་མེ་ཏོག་སྐྱེ་བ་མཐོང
མཚོ་མཐའི་གཡས་གཡོན་སྲིབ་ནག་གྱུར་པས་མིག་ཟུང་དག་ནས་འགད་རྫས་འཕྱུར
དུག་ནག་ཀློང་ནས་སུས་ཀྱང"བྱེའུ་མཚོ"དང"ཕན་ཚུན"ངོ་ཤེས་མི་སྲིད
ང་ཚོ་ཚང་མ"སྐྱག་མཚོ"འམ"སྐྱག་པའི་མེ་ཏོག"ལ་རྒྱང་ལྟ་མཁན་དུ་གྱུར


                                                                      2015.07.15

༡).ཧོན་ལོག  ཁྱི་དང་མི་སོགས་རྒས་འཁོགས་སུ་གྱུར་པ་ལ་གོ།
༢).ཡུལ་སྐོར་ཁང་། སྲིད་གཞུང་གིས་བཙུགས་པའི་སྒོར་མོའི་སྐྱག་ཁང་ཞིག་སྟེ། ཁོ་ཚོས་དེ་ལ"旅游局"ཟེར།


                                                   རྩོམ་སྒྲིག་པ། སྐྱ་བོ།


                                                                                                        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།