གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་པའི་རྒྱུན།

2016-03-15 14:19:09 སྒོ་དམར་བསྟན་འཛིན། ཀློག་གྲངས། མཆན ཡོད།


མཚན་མོའི་སྐར་ཚོགས་རེ་རེ་ནི་མཁའ་ཡི་མེ་ཏོག་རེ་རེའི་ཚུལ་དུ།
སྔོ་བསངས་པའི་ནམ་མཁའ་འདིའི་མཐའ་རུ་བརྐྱངས་ཤིང་།
ཟླ་བའི་ཟེར་མ་རེ་རེའང་ལང་ཚོ་སྨིན་པའི་བུ་མོ་ཞིག་དང་འདྲ་བར།
ངའི་སྒེའུ་ཁུང་ལས་གཞས་དབྱངས་དལ་གྱིས་དཀྲོལ།
ཡུན་རིང་བོར་རི་སྒང་དུ་ལུས་ཤིང་།
དུས་བཞིའི་རླུང་དང་སེར་བས་མ་བཅོམ་ལ།
ཁ་བ་བུ་ཡུག་གིས་ཀྱང་བརླན་མ་ནུས་པའི་རྐང་རྗེས་དེ་དག་ནི།
ངའི་ཉིན་དང་མཚན་མོ་གང་དུའང་།
ཉི་མའི་འོད་དང་ཟླ་བའི་ཟེར་མ་ཇི་བཞིན་དུ།
མཐའ་མེད་པའི་རྨི་ལམ་དང་སེམས་ཀྱི་གཏིང་རུམ་དུ་ཟགས་འོང་།

ནམ་རྒྱུན་གྱི་མཚན་མོ་རེ་རེར། 
ཁྱོད་ཀྱིས་ཟླ་བའི་ཁོང་དུ་སྦྲུམ་པའི་རི་བོང་དེའི་འཛུམ་ཟོལ་གྱིས།
ཁོ་བོའི་མིག་ཆུར་དགོད་སྒྲ་བསླངས་ཤིང་།
དགོད་སྒྲ་མཐའ་དག་ཆུ་ཡིས་བྲན་པའི་གཏམ་རྒྱུད་དག་ནི།
ཟླ་བ་དང་སྐར་མ་རེ་རེ། 
ད་དུང་ཕྱི་རོལ་གྱི་རྩྭ་དང་རྩི་ཤིང་དག་གི་སེམས་སུ་བརྐོས་ཡོད་ཨང་།

མིག་ཟུང་གཞན་ཞིག་གི་བརྩེ་སེམས་ཀྱིས།
མཐའ་ཡངས་པའི་ནམ་མཁའ་འདིའི་མཐོངས་སུ།
ཡང་ན་གཞི་ཆེ་བའི་ས་ཆེན་འདིའི་ཁྱོན་ལ།
ཁྱོད་རང་གཅིག་པུ་ངའི་འཚོ་བའི་རྟེན་དུ་ཟིན་པ་དུས་དེ་ནས།
དབྱར་ཁ་དང་སྟོན། དཔྱིད་ཀ་དང་དགུན།
ལོ་ངོ་རེ་རེའི་དུས་ཚིགས་གང་དུའང་།
ཇི་ལྟར་བགྲོད་ཀྱང་ཕ་མཐའ་མི་མངོན་པའི་ལམ་བུ་ཞིག་གི་སྣེ་ལས།
ང་རང་དགའ་ཞིང་སྐྱོ་ལ་གྲང་ཞིང་ཚ་བའི་འཇིག་རྟེན་ཞིག་གི་ཁོང་དུ་སིམ།
ཡིན་ཡང་། 
ངའི་སྐྱེ་བ་ཡང་བརྒྱུད་དུ།
ཁྱོད་རང་ངའི་ཁོག་གི་སྙིང་ཆུང་བཞིན་དྲན་པར་བསྲེལ་དགོས་བྱུང་།

འཚོ་བར་ཁ་དོག་བྲལ་ཞིང་སྲོག་གིས་སྟོངས་པ་ཆོས་ཉིད་དུ་ངེས།
ཡིན་ཡང་། 
འཇིག་རྟེན་འདིའི་སྣོད་བཅུད་མཐའ་དག་གི་སྙིང་བོར་བལྟམས་པ་ཁྱོད།
གཞི་ནས་ངས་ལག་པས་བསལ་ཏེ་སེམས་ཀྱིས་གཏོང་བའི་ཐབས་ཤིག་ག་ནས་འཚོལ་ཨང་།
སྔོ་དྭངས་དྭངས་ཀྱི་མཚོ་མོ་རླབས་ཀྱིས་སྐྱོམ་ཞིང་།
ཆར་ཟིལ་དང་ཉི་འོད་ཀྱིས་བྲན་པའི་མེ་ཏོག་གི་འདབ་མ་མང་བོས།
གཡུ་ཡི་ནམ་མཁའ་ཉལ་བའི་སྤང་ལྗོངས་གདན་དུ་སྤྱོད་པའི་དུས་ཚིགས་རེར།
ངས་སྤྲིན་པའི་མིག་ཟུང་སྤྱད་དེ་ཁྱོད་ལ་ཐིམ་ཞིང་།
ལྷགས་རླུང་གི་རྒྱུ་བ་ཕྲ་མོར་སྦྲུམ་སྟེ་ཁྱོད་ཀྱི་ལུས་པོར་འཁྱུད།

ཁ་བ་བུ་ཡུག་དེ་ཚེ་སྲོག་གི་གཤེད་དུ་འཚུབ་པའི་དཔྱིད་དུས་འདིར་ཡང་།
ང་རང་ཁྱོད་དང་རྒྱང་དུ་བཀྱེད་ཅིང་།
ཁྱོད་དང་རྒྱང་དུ་འཚོ་བའི་བྱེ་གཞུང་འདིར་དཀྱིལ་ཀྲུང་གིས།
ཁྱོད་ཀྱི་སྒོ་དང་སྒེའུ་ཁུང་དམ་དུ་བྱས་ཏེ།
ཁྱོད་དང་ཁྱོད་ཀྱི་ཁང་མིག་ལ་ཕྱི་དོར་ལན་མང་བྱས།
ཁྱོད་ཀྱིས་ཀྱང་གང་ཞིག་གི་དོད་དུ་འཛུམ་ཆུང་གྲོལ་བ་ངས་དངོས་སུ་མཐོང་།

རི་ཡིས་བཅད་ཅིང་གཙང་བོས་ཆོད་པའི་གནས་ཤིག་ཏུ།
ཡུན་རིང་བོར་ངའི་རྨི་ལམ་གྱི་མཛེས་སྡུག་འཁུར་ཞིང་དྲན་པར་འབྱར་བའི་ཁྱོད།
འོ་ཟོ་ཐོགས་པའི་འབྲོག་མོ་ཞིག་གི་མཛེས་ཉམས་ཀྱིས།
རྫི་གླུ་ལྷོད་ཀྱིས་གྱེར་བཞིན་ལུག་ཁྱུ་རི་ལ་དྲངས་ཤིང་།
འོ་ཇ་ལྟེམས་སེར་འཁྱིལ་བའི་ཞོགས་ཇ་ཡང་ཡང་འདྲེན་པ་མཐོང་།
དུས་འདི་ནས་ཀྱང་ཁྱོད་ལ་སེམས་པ་གླན་སྟངས་དེས།
ངའི་ཚེ་སྲོག་གི་རྒྱུན་དུ་སིམ་པ་ནི་ཁྱོད་ལས་གང་ཡང་མིན་པ་ཡོངས་སུ་རྟོགས།

ནམ་རྒྱུན་ངའི་བརྩེ་སེམས་ཀྱིས་ཁྱོད་ཀྱི་དུས་གསུམ་ལ་དངོས་གྲུབ་ཞུས།
ནམ་རྒྱུན་ངའི་བརྩེ་སེམས་ཀྱིས་ཁྱོད་ཀྱི་རི་རྩེ་ནས་རླུང་རྟ་སྤུར།
སྒོ་ཁྱིའི་ཟུག་སྐད་འཇགས་པའི་མཚན་སྨད་ཀྱི་དུས་སུའང་།
ངའི་བརྩེ་སེམས་དེ་ཁྱོད་ཀྱི་འཇིག་རྟེན་ཕྱི་ནང་ལ་སོ་བ་བཞིན་ལུས་ནས་ཡོད།

                         ༢༠༡༦/༣/༨-༩ཉིན།


                                                                                              རྩོམ་སྒྲིག་པ། ལྷ་སྐྱིད།


                                                                                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།