གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱིས་པ་ཞིག་ངུས་བྱུང་བ་མིན་ན། ༼ཞར་བཀོད་གཅིག་ཡོད ༽

2016-03-21 13:46:49 རྡོ།༼ རྨ་ཆུ ༽ ཀློག་གྲངས། མཆན ཡོད།


མུན་པའི་སྡེར་མོ
སྒེའུ་ཁུང་ལ་བརྡར
མཚན་མོའི་རྨི་ལམ་ལས
ང་རང་མཐའ་མེད་པ་ཞིག་ལ་ཐོན་ཡང
ཕྱིར་མཐའ་ཡོད་པ་ཞིག་ལ་ལྷུང

དེ་རུ   མེ་ཏོག་དང་སྡོང་བོ
རི་དྭགས་དང་འདབ་ཆགས་མང་ཡང
ངས་སྤྲེའུ་ཞིག་མཐོང་ལ
སྤྲེའུའི་ལག་ཏུ་རྡོ་ཞིག་བཟུང་བ་མཐོང

རྡོ་ཡི་རི་མོ
སྐྱ་བོའི་རྐང་ལམ

ལམ་འགྲམ་གྱི་བུ་མོ
མཚམས་སྤྲིན་ལྟར་ཡལ་བས
ཁྱེད་རང་སྐྱོ་བའི་ན་ཟུག
བྱིས་པ་ཞིག་ངུས་བྱུང་བ་དང་ཅི་འདྲའི་མཚུངས

མིག་ཆུས་མཁུར་ཚོས་སྦངས
སྨིན་མ་ཐུར་དུ་དྲུད

གདོང་གི་ཁ་དོག
སྡིག་པའི་མེ་ཏོག་*ལྟར
སུ་ཡི་ཡིད་ལ་ཟུག
རྣམ་ཤེས་ཡང་ལ་འཁྲིད
__________

  སྡིག་པའི་མེ་ཏོག: ཧྥ་རན་སིའི་བསྡུས་བརྗོད་རིང་ལུགས་ཀྱི་སྙན་ངག་གི་ཤིང་རྟའི་སྲོལ་འབྱེད་པ་ཤག་ལུ་བྷོ་དི་ལེར( 1821.4.8--1867.8.31) ་གྱི་བརྩམས་ཆོས་ཤིག་གི་མིང་།  


                                             ཕྱེ་མ་ལེབ་དཀར་པོ།

རབ་ཏུ་མཛེས་པའི་མེ་ཏོག་ཅིག་རྙིད་པའི་རྗེས་སུ
བྱེའུ་སྐད་གྲགས་པའི་དུས་ཚིགས་ཤིག་ཏག་ཏག་འདས་ཟིན

ཁ་བ་ཆུང་ཆུང་ཞིག་འབབ་པའི་རྨི་ལམ་ནང་དུ
ཁྱེད་ནི་ཡིད་ལ་ཟུགས་པའི་མེ་འོད་དེའི་མཐའ་ན
གཤོག་འགྱུར་ངོམས་པའི་ཕྱེ་མ་ལེབ་དཀར་པོ་ཞིག་དང་འདྲ་བར
བདག་གི་སྒེའུ་ཡོལ་སྟེང་གི་རི་མོ་བསུབ་པར་བྱེད

ཡིན་ཡང  བདག་ནི་རི་མོ་དེའི་གམ་ལ་མི་བཅར་བའི
ཁེར་རྐྱང་གི་སྣང་བ་རུམ་མཁན་ཞིག་ཏུ་གྱུར་ཚར་འདུག

ལྷག་པར་ཏུ་མདུན་གྱི་བྱེ་ཐང་དེར་ཉུལ་དུས
སྟོང་སང་སང་གི་ཁོར་ཡུག་ཅིག་གིས་བདག་ལ་ན་ཟུག་སྟེར

ན་ཟུག་ནི
ཕྱེ་མ་ལེབ་དཀར་པོའི་གཤོག་པ་མེ་ཡིས་ཚིག་པ་དང
རྐང་ལག་ཐལ་བར་གྱུར་བ
རྣམ་ཤེས་སྟོང་ཁམས་སུ་གཡེང་བ

གལ་ཏེ  ཁྱེད་རང་ཕྱེ་མ་ལེབ་དཀར་པོ་དེ་ཡིན་ན
ཚོར་བའི་གཏིང་རིམ་ན་གསོན་པའི་ང་རང་མཐོང་མི་སྲིད་དམ


                                                                       རྩོམ་སྒྲིག་པ། དབང་མོ།

                                                                                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།