གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞེན་ཆགས་ཁུར་བའི་སྟོན་ལོ་ཞིག

2016-04-09 11:20:49 འཁྱམ་པོ། ཀློག་གྲངས། མཆན ཡོད།


སྟོན་ལོ་ཞིག་གི་འཕུར་སྟངས་དང་།
ཟིལ་བ་རེ་རེའི་དྭངས་ཤ་དེས།
སེམས་པ་རྨས་མ་ཞིག་རུམ་ནས།
དབྱར་འགོ་མའི་མངའ་ཐང་ལ་ཕྱིར་མིག་ཤོར།
སུ་ཞིག་གི་ཞེན་ཆགས་སྐྱུར་མོ།
ཆར་ཐིགས་ཀྱིས་མཇུག་བྱང་བྲིས་བའི་ཟླ་བརྒྱད་པ།

ཟིལ་བ་རེ་རེའི་རུས་རྐང་བཅུད་དུ་གཞིབས་པའི་ལོ་མ་དེ།
ཕ་གིའི་རུ་གྲོང་ལ་འཐེན་པའི་རྐང་ལམ་ཀྱག་ཀྱོག
རྡོག་སྒྲར་དབྱངས་འགྲོས་བསྣན་པའི་སྣ་གླུ་ཞིག
སྤྲིན་དཀར་གྱི་ཡོལ་བ་ཕྱེས་པའི་ནམ་མཁའ།
སྔོ་ཡུག་ཡུག
རླུང་དམར་གྱིས་ས་ལ་བསྙིལ་བའི་ལོ་མ་དག
དམར་ཧྲང་ཧྲང་།
ནས་ཞིང་གི་སྙེ་མ་བསྡུ་བའི་སྒྲོལ་མས།
ཞིང་ཚིགས་དང་ཞིང་ཚིགས་ཀྱི་བར་ན།
མིག་ཆུ་རྡོག་གཅིག་གི་དྭངས་ཤ་མཁུར་འགོར་དྲུད།

ཟླ་བརྒྱད་པ།
ལོ་མ་ཞིག་ས་རུ་ཟགས་པའི་ངང་ཚུལ་ལམ།
མཛངས་མ་ཞིག་སྨྲེང་བར་བསྐྱིལ་བའི་བརྗེད་བྱང་། 

                                       2015.9.11

 
                                                                        རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།