གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་ཐང་གི་དྲན་པ།

2016-08-24 15:35:22 གདོན་མིག ཀློག་གྲངས། མཆན ཡོད།

ཉི་མ་དང་ཧ་ཅང་ཐག་ཉེ་བའི་དེའུ་འབུར་ཞིག་ཏུ།
བྱིས་པ་ཚོས་ས་ལ་འཐོར་བའི་སྐར་ཚོགས་འཐུ་བཞིན་འདུག
སྲིད་པའི་སྒལ་ཚིགས་ལྟ་བུའི་གངས་རིའི་མུ་ཁྱུད་དང་།
ས་ཆེན་གྱི་སྐ་རགས་ལྟ་བུའི་གཙང་བོའི་རྒྱུན་རིང་བོ་དེ།
ཡབ་ཆེན་གྱི་རྔུལ་ཆུ་དང་ཡུམ་ཆེན་གྱི་མིག་ཆུ་དྲན་བྱེད་ཅིག་རེད།

གཡུ་ཡི་གཡའ་མ་ལྟ་བའི་ནམ་མཁའི་ངོས་སུ།
ཅི་ཞིག་བྲིས་ན་ཅི་ཞིག་ལྡེབས་རིས་སུ་འགྱུར་སྲིད་མོད།
འབྲོག་ཐང་གི་མི་རྣམས་ཀྱིས་ཅི་ཡང་བྲིས་མི་འདུག
ཁོ་ཚོ་ལ་ཅི་ཞིག་བྲི་བའི་སེམས་པ་དེ་མི་འདུག
དེ་བས། དྭངས་གཙང་ཞེས་པ་འདི་ཡིན་པར་སྐད་ཀྱིས་ཆོད།

རླུང་བུ་འཇམ་པོས་གློ་སྙིང་གི་མི་གཙང་བ་དག་བཀྲུས་ནས་འགྲོ
མཐའ་མི་མངོན་པའི་རྩྭ་ཐང་ཆེན་མོས་བློ་ཁོག་སྐྱེད་པར་བྱེད།
བྱ་རྒོད་ཀྱི་འཕུར་རྩལ་གྱིས་ནམ་མཁའ་ཡར་ལ་བཏེགས་ཤིང་།
རྟ་རྒོད་ཀྱི་རྨིག་སྒྲས་ས་གཞིའི་གཤོང་བ་བདེ་བར་གཏོང་།

སྒོ་ཁྱིས་སྲུང་བའི་ལྷས་ར་གྲུ་བཞི།
འབྲོང་ཁྱུས་སྲུང་བའི་རྫ་རི་ལུང་པ།
མི་གཞན་གྱིས་རྐང་བ་རྒྱབ་མ་མྱོང་བ་དང་འདྲ་ནའང་།
ཞིབ་ཀྱིས་བལྟས་ཤིང་ཞིབ་ཀྱིས་དཔྱད་ན།
ཁ་དོག་མང་པོ་ཞིག་ད་དུང་ཤུལ་དུ་ལྷག་འདུག

ལོ་ངོ་མང་པོའི་སྔ་རོལ་གྱི་ཞོགས་པ་ཞིག་ལ།
འབྲོག་ཐང་གི་མི་རྣམས་ལ་སྐྲ་ལོ་རིང་ཟེར་བ་དེས།
མགོ་རྡོར་བུད་པའི་དེ་རིང་གི་མི་རྣམས་ལ་ཇི་ལྟར་བསྡུར།
རྣ་ཚར་སྣ་ཚོགས་བཏགས་པའི་མི་རྣམས་ཀྱིས།
ད་ནི་ཡོད་ཚད་རྡུལ་དུ་བརླགས་ཚར་བ་འདྲ་ཨང་།

ལྕགས་ར་དང་རྡོ་ལམ་གྱིས་གནང་བ་ནི།
འཇིགས་སྐྲག་གི་གྲིབ་མ་མང་པོ་ཞིག་རེད།
ཡང་ན།  རེ་ཐག་ཆད་པའི་རྨི་ལམ་གྱི་བསྡུས་གཟུགས་ཤིག་རེད།
ང་ཚོས་ནམ་ཡང་རྨི་ལམ་འདི་འདྲ་ཞིག་རུམ་སྟེ།
ཅི་ཞིག་འཚོལ་གྱིན་ཡོད་པའང་མི་གསལ་བར་གྱུར།

རི་བོའི་ཕ་རོལ་གྲོང་ཁྱེར་ཞིག་ཏུ་གྱུར་ཚར་དུས།
འབྲོག་ཐང་གི་མི་རྣམས་བྲེལ་འཚུབ་ཀྱིས་གཙེས་ཤིང་།
ཐ་ན།   རང་ཉིད་ཀྱི་ངོ་གདོང་སྨུག་པོ་དེའང་སྐྱ་བོར་གྱུར།
འདི་ལྟར་སྙིང་རྩ་ཐམས་ཅད་ཡུན་གྱིས་ལྷོད་ཀྱིན་འདུག

སེམས་པ་འདི་རང་བྱུང་ཁམས་ལ་གླན་ནས།
རང་ཉིད་ཀྱི་བར་སྣང་འདི་ལ་ཐོལ་གྱིས་བལྟས་ཚེ།
ང་ཚོའི་ཚེ་སྲོག་གི་རིན་དོད་ཡོད་ཚད།
ང་ཚོས་ཕ་ཡུལ་གྱི་ཆེད་དུ་ཕུལ་བ་ག་ཙམ་ཡོད་ལགས།

སྐྱོ་གཞས་ཐར་ཐོར་གྱིས་བསླངས་བའི་རྟོག་འགྱུ་དེས།
གངས་རི་དང་རྩྭ་ཐང་གི་མཛེས་སྡུག་སླར་ཡང་བཞེངས་མི་ཐུབ་ནའང་།
ང་ཚོས་རུས་པའི་གུར་ཁ་མེ་ལ་བསྲོས་ཏེ།
རང་ཉིད་ཀྱི་ཟུངས་ཁྲག་ལ་བདག་པོ་རྒྱག་དགོས།

                                                                                             2016/1/15


       རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།