གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་རིན་པོ་ཆེ།

2016-08-30 19:58:04 ཙོང་ཁ་ཚེ་བརྟན་རྒྱལ། ཀློག་གྲངས། མཆན ཡོད།

ab779d5fcdef6323ee10fe479a77cb26.jpg

                          1
བྱ་རྒོད་དེ།
འཕུར་སོང་།
ཉི་མ་དེ།
ནུབ་སོང།
སྲིད་པའི་གངས་རིན་པོ་ཆེ།
གནམ་ནས་ལྷུང་བའི་ཁ་བ་ཨེ་ཡིན།
ཀྱེ་ཀྱེ ཐེངས་གཅིག་མཇལ་ན།
ངས་མུན་ནག་ལ་གླན་ནས།
ཤབ་ཤུབ་ཀྱི་སྙིང་གཏམ།
ཅི་ཙམ་ཞུ།
                          2
གཙུག་གི་ནམ་མཁའ།
ཡོད་ཆོག་པའི་ནམ་མཁའ།
དེའི་སྟེང་གི་ཉི་ཟླ།
དེའི་འོག་གི་འཇིག་རྟེན།
མདོར་ན་ཤར་དང་ནུབ།
ཤར་ནི་གཡག་རྔ།
ནུབ་ནི་སྦལ་ཏི།
གོམ་པས་གཞལ་འདོད་ཀྱང་།
ནམ་ཞིག་ལ་འཇལ།
ཐ་ན་ལྷོ་དང་བྱང་།
ལྷོ་ནི་མོན་ཡུལ།
བྱང་ནི་ལི་ཡུལ།
སེམས་པས་འབོད་འདོད་ཀྱང་།
ནམ་ཞིག་ལ་འབོད།
                          
                          3
 མིག་གིས་བོར་བའི་གངས་རིན་པོ་ཆེ།
 སེམས་ཀྱིས་རྙེད་པའི་གངས་རིན་པོ་ཆེ།
 ན་ཟུག་ལྕི་བའི་རྨ་ཁ།
 ལག་པས་ཇི་ལྟར་སྙོབ་ཀྱང་།
 སྐྱེ་བ་རེ་རེ་མཆི་མར་བསྲེས་པ་ལས།
 ཁྱེད་དང་སྦྲེལ་བའི་རྣམ་ཤེས།
 ག་དུས་ཕྱིར་རུ་ལོག།

རས་ལེབ་དཀར་པོ།
ཡོལ་བ་ལས་སྟུག་ན།
ཉི་མའི་ཤར་སྐལ།
ཡང་ཕ་རོལ་ཏུ་ཡོད་དམ།
སྐྱོ་བའི་སྐད་ཆ།
མིག་འཚུམ་བཞིན་མིད་ན།
སྡུག་པའི་སྐད་ཆ།
ཡ་ཆུང་ནང་ལ་འཚང་འོང་།

                        4
རྒྱང་རིང་ན།
རྒྱང་རིང་མ་གཏོགས་མེད་དུས།
ངས་ཁྱེད་ལ་འཕྱར་འོས་པ།
རྒྱང་རིང་གི་གངས་རིན་པོ་ཆེ་རེད།
བོས་ཀྱང་བཙལ་ཡང་།
མཐའ་མའི་སྣང་ངོར།
ཐོག་མའི་ཡར་ལུང་སིམ།

སིང་སིང་གི་གླུ།
ལིང་ལིང་གི་བྲོ།
སེམས་ཀྱིས་ལུས་བྲན་ནས།
དབུགས་ཤིག་འབྱིན་ཚུལ།
གན་ལྟར།
འདི་ལྟར།
ཡོད་པ་ཡང་ཡོད་པའི་ཚད།
མེད་པ་ཡང་མེད་པའི་རྟགས།
སེམས་ཀྱིས་རེག་བཞིན།
    
                         5
ཁ་བ་རྐྱང་རྐྱང་།
གང་ནས་ཁུར་འོང་།
ལོ་ཟླ་ཁྲི་སྟོང་།

མེ་ལྕེ་ལམ་ལམ།
གང་ནས་འབར་འོང་།
སྡུག་བསྔལ་ཁྲི་འབུམ།

དྲན་པའི་འཇིག་རྟེན།
གཡུལ་ས་རུ་བོར་རམ།
རྣམ་ཤེས་ཤིག་ཤིག

བོར་པའི་འཇིག་རྟེན།
དུར་ཁྲོད་ན་ཡོད་དམ།
ཀེང་རུས་ཐར་ཐོར།
      
                         6
མི་བཟད་པའི་འཇིགས་སྣང་།
ཅེ་སྤྱང་དང་དུག་སྦྲུལ་མིན་ན།
མི་ཤི་རྟ་འགྱེལ་གྱིས།
དྭ་ཕྲུག་ག་ཚོད་བསྐྱུར།
ངུ་ངག་གི་བྲག་ཆ་དང་།
མཆི་མའི་ཐིགས་པ།               
མ་གཞིར་གསོལ་འདེབས་ལ་འདྲེན་མི་འོས་ཀྱང་།
ཚང་ཚང་གི་ནགས་ཚལ་ཞིག
མི་ཚེའི་མཐོང་ལམ་ན་གཡོ།

ལོ་རྒྱུས་ཀྱི་ཁ་སང་།
མིག་ལ་བྱུགས་པའི་མཆོར་སྒེག་གང་།
རྗེས་དྲན་གྱི་དེ་རིང་།
ཉི་ཟླའི་འོད་ཁྱིམ་གང་།
མུན་པའི་འཁོར་དུ་འདུས་བ།
གཅིག་གཅིག་མིན།
ཀྱེ་མ། མོན་ཕྲུག་ཡུལ་བོར་བ།
མགོ་བོ་དགྱེས་ནས་གང་སར་ཅེར་དུས།
གངས་རིན་པོ་ཆེ་རྒྱང་ན་མི་སྣང་།

                         7
བྱ་རྒོད་དེ།
ནམ་མཁའི་དབུགས་ཤིག
ཉི་མ་དེ།
ས་གཞིའི་དྲོད་ཅིག
འོ་ན སྲིད་པའི་གངས་རིན་པོ་ཆེ།
ཁྱེད་ཀྱི་དབུགས་དང་དྲོད་ནི།
ནར་ནར་ནས་ལེབ་ལེབ།
ཧྲལ་ཧྲུལ་ནས་ཧྲུག་ཧྲུག
ཡོད་ཚད་མི་ཡུལ་གྱི་གཏམ་རྒྱུད་བཞིན།
སུ་ལ་ཐོབ་པའི་གང་ལ་དབང་པའི།
ངའི་ཕྱི་ནང་ཡིན་ནམ།
                               
                                                 2015'8'16---27བར་གྲུབ།

*སྤྱིར་ཁ་བྱང་འདི་98ལོར་གཙང་ལ་སྟོད་ཤེལ་དཀར(དིང་རི)་རུ་ས་བོན་རྙེད་ནས་ཡིག་ཕྲེང་ཁ་ཤས་བྲིས་ཀྱང་། ལས་ཀྱི་གང་བཀོད་ཀྱིས་འདི་དང་འབྲེལ་བའི་སྙན་ངག་བདུན་ཅུ་གཙོས། ལྷུག་རྩོམ་སྙན་ངག་ཉི་ཤུ་ཙམ།བསྒྱུར་ཡིག་བཅོ་ལྔ་ཙམ་བོར་སོང་བ་སྐྱོ་ཞིང་སྡུག་པ་ལས་གང་ཕན། གང་ཡིན་ཟེར་ན་རིན་ཐང་ཆེ་ཞེས་གླེང་བ་མིན། མི་ལོ་ཉི་ཤུའི་སྣང་བ་དྭངས་མོ་གློ་བུར་དུ་སྤྱི་ཚོགས་ཀྱི་འདམ་རྫབ་ལ་ཟུག་པའི་མྱོང་བ་དེ་དག ཕྱིར་འདང་དེ་དག། བསླུ་བྲིད་དེ་དག་གིས། ངས་བོར་ཟིན་པའི་སྙན་ངག་ཡང་བསྐྱར་བཙལ་ཏུ་བཅུག་པ་ཐུགས་རྗེ་ཞུས་ཆོག་ར། སྙན་ངག་ནི་སེམས་ཡིན་ནམ། སེམས་ནི་ཅི་ཞིག ཕྱི་ནང་དང་ཕྱོགས་བཞིའི་མཇལ་ཁའི་ཁྲོད་དུ། སྙན་ངག་ལ་དུང་བ་སྐྱབས་སུ་མཆི།ཅི་ཡང་མ་བྲིས་པ་ངོ་རེ་གནོང་།


                                                                                               
     རྩོམ་སྒྲིག་པ། ལྷ་སྐྱིད།


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


                            

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།