གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤ་སྲེག་ཟ་དུས།(ཞར་བཀོད་གཉིས་ཡོད)

2016-09-12 14:18:01 རྨ་གཞུང་བཙན་སྲས། ཀློག་གྲངས། མཆན ཡོད།


                       ཤ་སྲེག་ཟ་དུས།

ལྕགས་ཐུར་གྱི་སྐེད་ལ་བརྒྱུས་པའི་མདེའུ་རྣོན་པོ་དེས
ཁ་ནང་དང་ཁོག་ནང་ལ་ཚྭ་དྲི་དང་ཚིག་དྲི་འཐུལ་ཡོང
ཁ་ཆེའི་བུ་མོ་མེ་ཏོག་ལས་ཀྱང་མཛེས         མདེའུ་ལས་ཀྱང་རྣོ

འགྱིག་ཁང་དེའི་འོག་ཏུ་འཚང་ཁ་བརྒྱབ་ཏེ
མིད་པ་སྦངས་སའི་ས་སྲོད་ཅིག་མཚན་མོ་དང་ཇེ་ཉེ
ཚ་གསུར་ཕུད་པ་ལྟ་བུའི་གསུར་དྲིའི་རྗེས་ན
སྲང་ལམ་གྱི་མགྲོན་པོ་དག་ཁ་ཚ་ལ་སྦག་ནས་ཟོས་ཆོག

ཚུར          ཚུར              ཚུར

               ༢༠༡༦   ༡      ༡༧    ཟ་ཁང་ཞིག་ཏུ།

                         ཨ་བྲ་དུག་གིས་བཀྲོངས།

རྩྭ་ཐང་གོས་ཡིན་ནམ་གདན་ཡིན
ཁོ་མོ་སྨད་འཚོང་མ་ནང་བཞིན་ཁ་ཉན་ས་ཞིག་རེད
ཁྱོད་ལ་རང་ཚུགས་ཞིག་རྩ་བ་ནས་མེད་པས
ད་བར་དུ་ཁྱོད་ལ་ཁྱོ་ག་ཟེར་ས་ཞིག་གང་ན་མཆིས
ཨེ་ཙི་འགོས་པའི་མེ་ཏོག་དེ་དག་ཀྱང
ཨ་བྲ་དག་གིས་ཞོན་རྐྱང་དང་ཟ་རྐྱང་རེད

 རྩྭ་ཟ་བའི་རི་སྤྱང་ནི་ལྐོག་གསོད་པ་སྟེ
ལོབ་ཀྱིན་ལོབ་ཀྱིན་ཤུན་ལྤགས་བཤུས་འདུག
གཅེར་བུར་གྱུར་བ་སྔོན་ལས་ཡིན་བསམ་ན
ཨ་བྲ་དུག་གིས་བཀྲོངས་རྗེས
ངས་ཁྱོད་ལ་རྐང་སྣུམ་བཟོའོ

                  ༢༠༡༦ ༡ ༢༦    ཕ་ཡུལ་དུ།

                        དོ་ནུབ་ཁ་བ་མཐུག་པོ་ཞིག་བབས་ན།

དོ་ནུབ་ཁ་བ་མཐུག་པོ་ཞིག་བབས་ན
ངས་ཞུ་རྒྱུ་མེད་པའི་སྙན་ངག་ཅིག་འབྲི་ན་འདོད
ལྦུ་བ་དང་དར་སོབ་ཀྱི་བཟི་ཁ་རྔམ་འཐུང་བྱས་ཏེ
ཉི་འོད་ཀྱིས་མི་དྲོས་པའི་སྙན་ངག་ཅིག་འབྲི་ན་འདོད

རྨ་ཆེན་གངས་རིའི་དབུ་ཞྭ་གསར་བ་ཞིག་བརྗེ་རན་འདུག
མཚོ་སྔོན་པོའི་འཕྱོར་ལྭ་ཨེབ་ཅན་ཞིག་གོན་རན་འདུག
དོ་ནུབ་ཁ་བ་ལྷུབ་ལྷུབ་ཏུ་བབས་ན      

ང་ལ་འཁྱག་སྣང་མེད་པར་སྙན་ངག་འབྲི་རུ་ཆུགས
ངས་ཁ་བ་ལས་མཐུག་པའི་སྙན་ངག་ཅིག་འབྲི་ན་འདོད

ཁ་བ་མེད་པའི་ལྷ་ས་དང་ཇོ་བོ་ཁེར་རྐྱང་རེད
ལྕགས་ལམ་དང་གནམ་གྲུ་ཐང་གི་རླུང་བུ་རེ་རེས
ས་རྡུལ་དང་བྱེ་ཟགས་ལྟ་བུའི་རོལ་དབྱངས་གཏོང

སུན་སྣང་གི་མིག་མཐའ་ལག་པས་སྐྱོར་ཏེ
ཁ་བ་ལྟར་ཕྱོ་བའི་སྙན་ངག་དང་རྨི་ལམ་འབྲི

དོ་ནུབ་ཁ་བ་མཐུག་པོ་ཞིག་བབས་ན
ཁ་བ་ལས་འཁྱག་པའི་སྙན་ངག་དང་ཁ་བ་འབྲི

གངས་རི་ལྟར་དཀར་བའི་ཁ་བ་དང་སྙན་ངག་འབྲི

                         ༢༠༡༦  ༡   ༣༠ དགོང་མོར།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།