གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གེའུས་གསར་དུ་བྲིས་པའི་སྙན་ངག་གཉིས།

2016-11-14 11:30:48 གེའུ། ཀློག་གྲངས། མཆན ཡོད།


                            གཅིན་པས་ནམ་མཁའ་བསུབས་པ།

ཀི་ལ་སྦོམ་ཕྲ་མང་པོ་འདུས་ཏེ
ཤི་མིང་དང་ཀེང་རུས་ཀྱི་འཐབ་ར་བརྩིགས་ན་ཡང
དབུ་རྨོག་གི་སངས་སྒྲ་དང་མདའ་མདུང་གི་ར་བཞི་མི་མཐོང
རྟ་ཕོ་རྐྱང་རྐྱང་གི་རྣ་བས་བདུད་ཀྱི་མིག་རྡོ་རིག་པ་བཞིན
སྣ་ཁུང་ལས་ཧོབ་སྒྲ་མི་འབྱིན

མི་ནི་སྐྲག་སྟེ་གྲིབ་མ་ཡོད་ཚད་ལ་མགོ་བོ་ལན་མང་གཏུགས་དུས
སྐྱེ་འཆིའི་ཕར་ངོགས་སུ་ཆུ་རྩེད་བྱེད་པའི་ལྷ་རྣམས
འདོམས་ཀྱི་སྦལ་བ་དྲུད་ནས་གད་མོ་ལྷུག་གེར་དགོད
མེ་ཏོག་མང་བའི་སྡུག་བསྔལ་གྱི་མཆི་མ་བྲུགས་ཏེ
ཉི་དགའི་འབྲས་བུ་རྩིས་རྒྱག་མཁན་ནི
འདོད་པའི་སྒྱེ་ཕད་དུ་ཏིང་ངེ་འཛིན་གྱི་རྭ་ཅོ་ཆག་པའི
མི་ལ་རས་པའི་རྣམ་ཤེས་བཅུ་བདུན་མ་ཁོག་ཏུ་ཞུགས་པའི
བྱེའུ་ཆུང་ཅོ་ཀ་དེའམ མི་ཞིག་གམ མི་མ་ཡིན་ཞིག་གོ

ལན་ཆགས་ཀྱི་མིག་སྐྱག་རི་རབ་བཞིན་འགྱིང་ནས
མ་རིག་པའི་སྐད་ཆ་གོ་ལའི་སྙིང་དུ་གསེར་ཕུར་བཞིན་བརྡབས་ཚེ
ཕོ་འདྲེ་མན་ངག་གི་མཐུ་ལ་མེ་ཡི་རལ་བ་གསིག་ཅིང
རྐང་བའི་གཡུ་ཡི་སྡེར་མོས་སྲིད་པའི་ཨོང་ཤ་གཤགས་ཐེངས་གཅིག་གིས
མཚལ་གྱི་རི་མོ་ཤད་རྐང་ལྟར་དུ་བྲིས་པ
འཇིག་རྟེན་རྒུད་པའི་སྔ་ལྟས་ཡིན་ནམ་ཀྱེ་་་

གསུང་རབ་ཀྱི་གླེགས་ཐག་ལྕགས་དྲ་བཞིན་དུ
ཤེས་རབ་དང་འོད་ཟེར་གྱི་དཔུང་བའི་ཤ་རྒོད་སྣད་པའི་གདོན་དུ་ལངས་ཚེ
ངས་ཤེལ་གྱིས་གྲུབ་པའི་ཕོ་བྲང་གི་རྩེག་བཅུ་གསུམ་པ་ནས
སྲིད་པའི་འདོད་ཡོན་མཐའ་དག་བསྲེས་པའི་ཁ་ཧྥེ་ཕོར་བ་གང
མ་ཁུང་ཏའོ་*ལྟར་བས་མཐའི་གྲོང་གི་མི་རྣམས་ལ་ངོམ་སོའི་ཚུལ་དུ
མིད་པའི་གསང་སྒོ་ཆེ་རུ་ཕྱེས་ཏེ་དུག་སྦྲུལ་བཞིན་ཁོག་པའི་སྦུབས་སུ་དྲངས
གོས་ཆེན་གྱི་དྲ་རས་མང་བོ་འཇའ་བཞིན་བསྒྲིགས་ཏེ
རལ་བའི་རྦ་ཀློང་ཆེན་མོས་མཛེས་སྡུག་ཡོད་ཚད་ཀྱི་རྩིབས་མ་སྐག་སེ་བཅག

ང་ནི་རྒྱལ་བོའི་ཁབ་ཀྱི་ལོངས་སྤྱོད་ཀྱིས་ཚིམ་པ་མེད་པར
མི་ཟོག་གི་རྒྱུ་བ་ཆད་པའི་ཞི་བ་ཆོས་སུ་སྒོམ་པའི
ལྷོ་རིའི་བྲག་གི་ཁུང་བུར་གནས་བཅས་ཏེ
ནམ་མཁའི་ངོས་སུ་གཅིན་གྱི་རི་མོ་བྲི་བར་ཅི་ནས་མོས་སོ

                          2016ལོར་བྲིས།
མཆན། མ་ཁུང་ཏའོ _ ཅ་ཤེས་ཡ*མར་ཁི་སིའི་《ལོ་བརྒྱའི་ཁེར་རྐྱང》ནང་གི་བས་མཐའི་གྲོང་ཚོ་དེ་ཡིན།

                                 འཇིགས་སུ་རུང་བའི་གྲོང་ཁྱེར་ཞིག་ཏུ།

ཉིན་མཚན་མེད་པར་སྨུག་པ་མཐུག་པོ་ཞིག་ནད་ཡམས་ལྟར་མཆེད
འོ་དོད་ཟ་ཟི་གདོང་གི་སྨྲེ་བ་བཞིན་ལེན་ཐབས་མེད་ལ
ཁྱི་ལོ་ཕག་ལོ་ཚང་མ་གཅིག་ཏུ་སྤུངས་ནས
མི་ཡི་ངུ་སྐད་རླུང་གིས་ཁྱེར་ཏེ་གནམ་ས་འདྲེས་པའི་མཚམས་སུ
བཤའ་ལུག་ཡུར་བ་གཅིག་ཏུ་དྲངས་པའི་མོད་ལ
སོ་བར་དུ་འཚང་བའི་མཛུབ་མོ་དང་རྩིབས་རིས
བརླ་རྐང་གི་ཚིལ་ཞག་འོད་ཀྲིག་ཀྲིག་གིས་བཞུར་བའི་མོད་ལ
ཟངས་ཀྱི་སླ་ང་ལྟ་བུའི་མིག་ཟུང་ཆུ་ཡིས་བཤལ་ཏེ
མཐེབ་རྒན་བོའུ་ར་ལྟར་གནམ་ལ་གཡས་སྐོར་གཡོན་སྐོར་ལན་མང་བྱས

རྒྱུ་མ་དམུ་ཐག་བཞིན་དུ་མོ་ཊ་ལ་དཀྲིས་བརྒྱབ
ལག་པ་གཅིག་གིས་ལག་པ་གཞན་ཞིག་བཅད་དེ
དམག་རྟ་ཁྲི་འབུམ་བཀས་སྐུལ་བའི་དཔའ་གདེང་གིས
མིའི་རིགས་ཀྱི་གཡོ་སྒྱུའི་ཝ་མོ་ཡར་བདའ་མར་བདའ་བྱས
ང་རང་བསླུས་སོང་ཞེས་ནས་མཆིལ་མ་གནམ་ལ་འཕངས
མིག་གཅིག་སྒོ་རུ་དྲུད་ནས་འགྱེལ་ཞོར་ལོག་ཞོར
ཤུལ་དུ་ལུས་པའི་མིག་གཅིག་ཤ་ལས་ཆད་པའི་བུ་ཕྲུག་བཞིན་དུ་གཅེས

མི་དང་མི་ཡིས་ཕན་ཚུན་ལ་མིག་ལོག་གིས་ལྟ
ཁྱི་དང་ཁྱི་ཡིས་སྣ་གཉེར་ཏེ་འཛིང་པའི་གྲབས་ཤོམ་བྱེད
སྤྲིན་དཀར་བོ་དང་ནག་པོས་གདོང་ཀ་རྒྱག
ཕྱུག་པོ་དང་མེད་པོས་ཅོ་འཛིང་གིས་ཕར་ཚུར་ལ་དམོད་བོར
གནམ་གྲུས་ཞི་མོ་བུ་ཁྲིད་མང་བོ་ལྟོ་བར་བཅུག་ནས
མཁའ་དབྱིངས་སུ་བྱ་རྒོད་ལྟར་ཁ་ཕྱོགས་མེད་པར་གཟའ་སྐོར་རྒྱག
འཆི་ཁའི་ཁ་ཆེམས་ཀྱི་ཤོག་ལྷེ་ཁ་བ་ལྟར་བབས་ནས
ས་གཞིའི་ཁ་ནང་ལ་གཉན་པོ་གསང་བ་ལྟར་གཏེར་དུ་སྦས

འཇིགས་སུ་རུང་བའི་གྲོང་ཁྱེར་ཞིག་ཏུ
འུ་གཉིས་ཀས་བརྩེ་དུངས་ལུ་གུ་བཞིན་འཚོས་ནས
བུ་རབས་ཚ་རྒྱུད་ཕྲེང་བའི་མདོ་འཛིན་གྱི་གམ་དུ་དེད་དེ
དུག་གི་མེ་ཏོག་མཆོད་པའི་མདུན་དུ་བཤམས་ན
གཤོག་པ་སྲབ་པའི་སྦྲང་མ་དང་ཕྱེ་མ་ལེབ་ཀྱི་ཚོགས
བསྐལ་བ་སྟོང་ལ་ཕྱིར་ཡོང་མེད་པའི་དམྱལ་བའི་མེ་འོབས་སུ་བརྫང་ན
སྒྲོལ་ལྗང་གི་གཤམ་དུ་སྐྱིལ་ཀྲུང་བགྱིས་པའི་རྒྱ་བཟའ་ཀོང་ཇོ
འདོད་པའི་རླུང་གིས་ཡར་ཡར་གནམ་ལ་བཀྱག་སྟེ
བློན་པོ་དགའ་ས་རེའི་རུམ་དུ་མུ་ཏིག་བཞིན་འཐོར་ན

འཇིགས་སུ་རུང་བའི་གྲོང་ཁྱེར་ཞིག་ཏུ
རྨི་ལམ་མེད་པའི་དབྱར་ཁ་ཚེས་ནས
ཟླ་བ་མེད་པའི་དགུན་ཁ་འོ་མ་བཏུང་རྒྱུ་བྱུང་ན
ཁྱོ་ག་མེད་པའི་བོད་ཀྱི་ཡུགས་མོ་ཞིག་ཀེ་རི་སིར་རྐང་བ་བརྒྱབ་ནས
མཚོ་ཐོག་གི་ཆང་རྐྱལ་དེ་ཚོ་དང་ཉལ་བོ་བྱས་ཏེ
ལམ་ནས་བུ་ཕྲུག་མང་བོ་བཙའ་ཡང་སྲིད་དོ

                       2016ལོར།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།